“ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རིང་། ཀྲུང་གོས་འཛམ་གླིང་ཡོངས་ལ་དེའི་སྤྱི་ཚོགས་དང་དཔལ་འབྱོར་ལམ་ལུགས་ཀྱི་ལས་ཆོད་མངོན་པར་བྱས་པ་དང་། རྒྱལ་ཁབ་གཞན་དག་ལ་རིམས་ནད་འགོག་རྒོལ་བྱེད་པར་དགེ་མཚན་ལྡན་པའི་བློ་སྒོ་ཕྱེ་ཡོད་ལ། འཛམ་གླིང་ཡོངས་ལ་མིག་དཔེ་ཡང་བསྟན་ཡོད”ཅེས་ཨུ་རུ་སུ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཏེ་སྨི་ཐེ་ལི·ནུའོ་ཝེ་ཁོ་ཕུའུ་ཡིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
“ཏོག་གསར་གློ་ཚད་རིམས་ནད་ཀྱིས‘གནས་ཚུལ་ངོ་མའི་དུས་ཚོད’གསལ་སྟོན་བྱས་ཡོད། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་རིམས་ནད་ལ་ཁ་གཏད་གཅོག་པའི་ནུས་པ་དང་དེ་བཞིན་མང་ཚོགས་ལ་འཛིན་པའི་རྣམ་འགྱུར་མངོན་པར་བྱས་ཡོད”ནུའོ་ཝེ་ཁོ་ཕུའུ་ཡིས་ཀྲུང་གོའི་རིམས་འགོག་གི་ལས་དོན་ལ་འཕེལ་རིམ་གལ་ཆེན་བྱུང་ཡོད། དེ་ནི་སྤྱི་ཚོགས་དང་དཔལ་འབྱོར་དོ་དམ་གྱི་ལས་ཕྱོད་དང་ཆབ་སྲིད་ལམ་ལུགས་ཀྱི་ལེགས་ཆ་ལས་བྱུང་བ་དང་། དཔའ་བོའི་ཀྲུང་གོ་མི་དམངས་ལས་བྱུང་བ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།
ཁོང་གིས་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྡབ་རྡེག་ཕོག་པར་དམིགས་ནས། ཀྲུང་གོས་ནང་མཁོ་རྒྱ་ཆེར་ཧུར་ཐག་གཏོང་བ་དང་། དངུལ་རྩའི་མ་འཇོག་བརྟན་པོ་སྲུང་སྐྱོང་བྱེད་པ། གྲོང་མིའི་ལས་ཞུགས་འགན་ལེན་བྱེད་པ། གཞི་རྩའི་དམངས་འཚོ་འགན་ལེན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པས་རྒྱལ་ཁབ་གཞན་དག་ལ་བློ་སྒོ་འབྱེད་པའི་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བརྗོད།
ནུའོ་ཝེ་ཁོ་ཕུའུ་ཡིས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་99སོང་རིང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཚོར་བ་སྐྱེན་པོས་ཕྱི་ཕྱོགས་ཀྱི་དུས་བབ་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་བཅག་པས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་དེ་རིམས་ནད་ཀྱི་ཤུགས་རྐྱེན་དང་དེ་བཞིན་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་འགོག་རྐྱེན་དབང་གིས་མངོན་འགྱུར་ནར་འགྱངས་བྱེད་མི་སྲིད་པའི་ཡིད་ཆེས་ཡོད་ཅེས་བརྗོད།
ནུའོ་ཝེ་ཁོ་ཕུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་ལེན་ལ་དོ་ཁུར་བྱེད་པ་དང་། “འགག་རྩའི་ཉུང་ཤས”ཡིན་པའི་འགོ་ཁྲིད་ལས་བྱེད་པར་དམ་འཛིན་བྱེད་དགོས་པའི་ཐད་ངོས་འཛིན་གཅིག་མཐུན་བྱས་པ་རེད། “སྲིད་ཏང་ཇི་ལྟར་སྟོབས་འབྱོར་ལྡན་པ་དང་རྒྱལ་ཁབ་ཇི་ལྟར་སྟོབས་འབྱོར་ལྡན་ཡང། དེའི་འགོ་ཁྲིད་ལས་བྱེད་པས་རྒྱལ་ཁབ་ཀྱི་བདེ་སྡུག་རྒྱབ་ཏུ་བསྐྱུར་ནས་སྒེར་གྱི་ཁེ་ཕན་དོན་གཉེར་བྱས་ཚེ་རྒྱལ་ཁབ་དེ་ཉམས་རྒུད་དུ་འགྲོ་ངེས་རེད”ཅེས་བརྗོད་པ་དང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། དེ་བཞིན་རུལ་སུངས་ལ་ངོ་རྒོལ་ཤུགས་ཆེན་བྱེད་པ། སྤྱོད་ཚུལ་དག་ཐེར་དང་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་ཀྱི་ཐད་སྤྱད་པའི་བྱེད་ཐབས་རབ་དང་རིམ་པར་རྒྱལ་ཁབ་གཞན་དག་གི་སྲིད་ཏང་གིས་དཔྱད་གཞིར་འཛིན་རིན་ཡོད་པའི་ངོས་འཛིན་བྱས་པ་རེད།
མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྐོར་ལ་ནུའོ་ཝེ་ཁོ་ཕུའུ་ཡིས། ཀྲུང་གོ་གུང་ཁྲན་ཏང་གིས་མིག་སྔའི་འཛམ་གླིང་ལ་འཕྲད་པའི་གནད་དོན་ཐག་གཅོད་བྱ་ཆེད་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱིས་མིའི་རིགས་ཀྱི་དགོས་མཁོར་ལན་སློག་པ་དང་རྒྱབ་སྐྱོར་དེ་བས་མང་བ་ཐོབ་ཡོད། “ཀྲུང་གོས་རང་ངོས་ཀྱི་འབད་བརྩོན་བརྒྱུད་འཛམ་གླིང་ལ་ང་ཚོས་དེ་བས་དྲང་གཞག་དང་། ཤེས་དཔལ། བདེ་འཇགས་བཅས་ལྡན་པའི་འཛམ་གླིང་ཞིག་གཏོད་ཐུབ་པ་ར་སྤྲོད་བྱས་ཡོད། བསམ་བློ་དེར་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་བརྡ་ལན་རྒྱ་ཁྱབ་ངང་ཐོབ་ངེས་ཡིན་པ་མ་ཟད། དེའི་དགོས་ངེས་རང་བཞིན་སླད་ཕྱིན་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་རྒྱུ་རེད”ཅེས་བརྗོད།