ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རབ་གསལ་སྡེ་ཁུལ་དུ་ཁྱིམ་སྲོལ་དམངས་གཙོ་དང་། བཟའ་ཚང་འཆམ་མཐུན། གྲོང་པ་ཁྱིམ་མཚེས་དང་མཐུན་སྒྲིལ་བཅས་ལྡན་པའི་བཟའ་ཚོ་ཞིག་ཡོད། ཁོང་གཉིས་པོས་དཀའ་སྤྱད་འབད་བརྩོན་གྱི་ལག་གཉིས་ལ་བརྟེན་ནས་ཞི་མཐུན་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་གཅིག་བཏོད་ཅིང་། ཁོང་གཉིས་པོ་ནི་ཁྲེན་ཅན་མིན་དང་མིག་དམར་གཡང་སྐྱིད་རེད།
ལས་སྐལ་ཡོད་ན་ས་ཐག་རིང་ཡང་འཕྲད།
2004ལོར་ལོ་29ལ་སླེབས་པའི་ཁྲེན་ཅན་མིན་ཕ་ཡུལ་ཧོ་ནན་ནས་ལྷ་སར་གླ་པ་རྒྱུག་པར་ཡོང་། འགལ་རྐྱེན་ཐེངས་འགའ་འཕྲད་རྗེས་ཁོང་གིས་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ནས་ཚོང་རྒྱག་རྒྱུའི་སེམས་ཐག་བཅད། ཉིན་ཞིག་མིག་དམར་གཡང་སྐྱིད་ཚོང་ཁང་ནས་ཅ་ལག་ཉོ་བར་ཡོང་སྐབས་ཁོང་གཉིས་ངོ་ཤེས།
“ཁོང་ཐེངས་དང་པོ་མཐོང་དུས་ནས་ངའི་སེམས་པ་ཤོར་སོང”ཞེས་ཁྲེན་ཅན་མིན་གྱིས་འཚེར་སྣང་ངང་གསར་འགོད་པར་བཤད། ངོ་ཚ་སྨིན་པའི་ཁྲེན་ཅན་མིན་དང་བསྡུར་ན་མིག་དམར་གཡང་སྐྱིད་གཤིས་ཀ་བཤངས་པོ་ཡོད། “ངས་ཁོང་ཐེངས་དང་པོ་མཐོང་དུས་གཞུང་དྲང་ཚུལ་ལྡན་ཞིག་མཐོང་བྱུང་བས་བློས་འགེལ་ཆོག་པའི་སྐྱེས་པ་ཞིག་རེད་འདུག་སྙམ་བྱུང”ཞེས་མིག་དམར་གཡང་སྐྱིད་ཀྱིས་བཤད། དུས་ཐུང་ཟླ་བ་གཅིག་ནང་ཕན་ཚུན་རྒྱུས་མངའ་ལོན་རྗེས་ཁྲེན་ཅན་མིན་ལས་ཀ་འཇོན་པ་དང་། ཕ་མར་སྲི་ཞུ་ཆེ་བ། གཞུང་དྲང་བཅས་ཀྱི་སྤྱོད་ཚུལ་ལ་མིག་དམར་གཡང་སྐྱིད་སེམས་འགུལ་ཆེན་པོ་ཐེབས་ནས་གཉེན་སྒྲིག་བྱ་རྒྱུའི་ཐག་བཅད། དུས་དེ་ནས་བཟུང་མི་རིགས་མི་གཅིག་པའི་ན་གཞོན་གཉིས་ཁྱིམ་ཚང་སྐྲུན་འགོ་ཚུགས།
གཉེན་སྒྲིག་བྱས་རྗེས་ཁོང་གཉིས་ཕན་ཚུན་བསམ་ཤེས་དང་བརྩི་འཇོག་བྱས་ནས་ཁ་རྩོད་སྤྱིར་ན་ཤོར་མྱོང་མེད་ཅིང་། “ང་གཉིས་ཕན་ཚུན་ཡུལ་སྲོལ་གོམས་གཤིས་མི་འདྲ་ནའང་ཁ་རྩོད་རྩ་བ་ནས་ཤོར་མྱོང་མེད། ང་གཉིས་ཀྱིས་ཕན་ཚུན་གྱི་མི་རིགས་ཀྱི་གོམས་སྲོལ་དང་ཆོས་ལུགས་ལ་བརྩི་འཇོག་བྱེད་ཀྱི་ཡོད། ངས་བོད་སྐད་ཧུར་ཐག་སྦྱངས་པས་ད་ཆ་བོད་སྐད་ཆུ་རྒྱུག་རྒྱུག་ཤོད་ཐུབ་ཀྱི་ཡོད། ཁོང་ཚོས་གཙོ་བོ་བོད་ཀྱི་ལོ་གསར་དང་ཞོ་སྟོན་སོགས་གཏོང་གི་ཡོད། དཔྱིད་གསར་དུས་ཆེན་དང་ཟླ་མཆོད་དུས་ཆེན་སྐབས་བཟའ་ཟླས་ཧོ་ནན་དུ་ཡོད་པའི་ངའི་ཨ་མར་དངུལ་བསྐུར་བ་དང་གྱོན་ཆས་ཉོས་པ་མ་ཟད། རྒྱུན་དུ་ངའི་ཨ་མ་དང་བརྙན་ལམ་ཐོག་ནས་སྐད་ཆ་བཤད་དེ་ཨ་མའི་ཚ་བོ་དང་ཚ་མོ་དྲན་པའི་གདུང་བ་ཡང་སེལ་ཐབས་བྱེད་ཀྱི་ཡོད”ཅེས་ཁྲེན་ཅན་མིན་གྱིས་བཤད།
ལྷད་མེད་བརྩེ་སེམས་བཅངས་ནས་མོས་མཐུན་ཁས་ལེན་ཐོབ་པ།
དོན་དངོས་ཐོག་མིག་དམར་གཡང་སྐྱིད་ཀྱི་ཨ་མ་སྐྲ་བཟང་གིས་མག་པ་ཁྲེན་ཅན་མིན་ལ་ཁས་ལེན་བྱེད་ཀྱི་མེད། ཁོང་གཉིས་གཉེན་སྒྲིག་བྱས་རྗེས་ཨ་མའི་བསམ་བློར་འགྱུར་ལྡོག་མ་ཕྱིན་པར་སྔར་བཞིན་ཁྲེན་ཅན་མིན་ལ་རྣམ་འགྱུར་བསྟན་གྱི་ཡོད་པ་རེད། སྣང་ཚུལ་དེས་མིག་དམར་གཡང་སྐྱིད་སེམས་པ་མ་སྐྱིད་པར་གྱུར། འོན་ཀྱང་ཁྲེན་ཅན་མིན་གྱིས་བཟའ་ཟླའི་ཨ་མར་སྲི་ཞུ་ཡག་པོ་སྒྲུབ་པར་བརྟེན་ཨ་མའི་སེམས་ནང་ད་གཟོད་གཞི་ནས་མག་པ་དེ་ཁས་བླངས་ཙམ་བྱུང་བ་རེད།
“ངས་ཨ་མའི་བྱེད་སྟངས་དེ་ཚོར་བསམ་ཤེས་ཐུབ་ཀྱི་འདུག ང་ས་ཆ་གཞན་ནས་ལྷ་སར་གླ་པ་རྒྱུག་པར་ཡོང་མཁན་ཞིག་ཡིན་པ་མ་ཟད། ཁྱིམ་གྱི་ཆ་རྐྱེན་ཡག་པོ་མེད་པས་སུ་ཞིག་ཡིན་རུང་བུ་མོ་ང་ལ་མནའ་མར་སྟེར་འདོད་བྱེད་ཀྱི་མ་རེད། གཉེན་སྒྲིག་བྱས་རྗེས་བུ་བྱུང་ཡང་ཨ་མས་ད་དུང་རང་ཉིད་ལ་དེ་ཙམ་དགའ་པོ་བྱེད་ཀྱི་མི་འདུག”ཅེས་ཁྲེན་ཅན་མིན་གྱིས་ཕྱིར་དྲན་བྱེད་བཞིན་དུ་བཤད། ཨ་མའི་ཁས་ལེན་ཐོབ་འདོད་པའི་ཁྲེན་ཅན་མིན་གྱིས་ལག་ལེན་དངོས་ལ་བརྟེན་ནས་ཨ་མ་སྐྲ་བཟང་གི་བསམ་བློར་འགྱུར་ལྡོག་གཏོང་འགོ་ཚུགས། ཁྲེན་ཅན་མིན་གྱིས་ནང་ལས་ཚང་མ་འགན་གཙང་བླངས་པ་མ་ཟད། བོད་ཟས་དང་བོད་སྐད་སྦྱངས་པ་དང་ཡོང་འབབ་གསོག་ཆེད། ཁྲེན་ཅན་མིན་གྱིས་སྒྲིག་བཟོ་བྱེད་སྟངས་སྦྱངས་པ་དང་། ཚལ་ཚོང་བརྒྱབ་པ། གཙང་སྦྲ་བྱེད་མཁན་སོགས་བྱས་ཏེ་གླ་ཆ་ཚང་མ་བཟའ་ཟླར་སྤྲད། “བརྩེ་དུང་ལྡན་འགྱུར་ན་གནོན་ཤུགས་བཟོ་ཐུབ་ལ་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཡང་བཏོད་ཐུབ”ཅེས་ཁྲེན་ཅན་མིན་གྱིས་གསར་འགོད་པར་བཤད།
སྙིང་ཀླད་ཁྲག་རྩའི་ནད་ཕོག་པའི་ཨ་མ་སྐྲ་བཟང་ལ་ལྟ་རྟོག་བྱེད་མཁན་དགོས་པ་ཤེས་སྐབས་ཁྲེན་ཅན་མིན་གྱིས་འཕྲལ་མར་ལྟ་རྟོག་བྱེད་འགན་འཁུར། ནམ་ཕྱེད་ལ་སྨན་སྟེར་བ་དང་། གཟུགས་པོ་མི་བདེ་བའི་སྐབས་སུ་འཕུར་མཉེད་གཏོང་བ། ལྟོ་ཆས་བཟོ་བ་སོགས་གང་ཞིག་བྱེད་དགོས་བྱུང་ཡང་ཁྲེན་ཅན་མིན་གྱིས་འཁང་ར་སྤུ་ཙམ་མེད་པར་སྒྲུབ་གང་ཐུབ་བྱེད་ཀྱི་ཡོད་པ་རེད།
མཐུན་སྒྲིལ་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་།
བཟའ་ཟླ་ཁྲེན་ཅན་མིན་གྱི་སྐོར་གླེང་སྐབས་མིག་དམར་གཡང་སྐྱིད་ཀྱིས“ངའི་བཟའ་ཟླ་ལས་ཀ་འཇོན་པ་དང་། རྒན་རྒོན་ལ་སྲི་ཞུ་ཆེ་བ། གྲོང་པ་ཁྱིམ་མཚེས་དང་འཆམ་པ་བཅས་ཡོད་པས་ངས་མི་ཚེ་དེར་བཟའ་ཟླ་འཚོལ་སྟངས་ནོར་མི་འདུག”ཅེས་སྤོབས་པ་ཆེན་པོས་ཤོད་ཀྱི་ཡོད།
ཚགས་ཤའི་ཐུག་པ་བཟོས་ཚར་སོང་ཞེས་ཁྲེན་ཅན་མིན་གྱིས་ཐུག་པ་ཕོར་པ་གང་བླུགས་ནས་དང་པོ་ཨ་མ་སྐྲ་བཟང་ལ་སྤྲད་པ་དང་། གཉིས་པ་ཁེར་སྡོད་གྲོང་པ་ཟླ་བར་སྤྲད་པ། དེ་རྗེས་ཕྲུ་གུ་དང་བཟའ་ཟླར་སྤྲད། ཁྲེན་ཅན་མིན་གྱི་སེམས་རྩ་འཁོལ་བའི་སྤྱོད་བཟང་ལས་མིག་དམར་གཡང་སྐྱིད་ཀྱི་སེམས་པ་རྦད་དེ་ཤོར།
ད་ཆ་ཁྲེན་ཅན་མིན་གྱི་མིག་གཡོན་མ་ལོང་བ་དང་མགོ་བོ་ཡང་ཡང་ན་ནས་གཟུཌ་པོ་ཐང་པོ་མེད་ཅིང་། ཁོང་གཉིས་པོས་ད་དུང་ཨ་མ་རྒན་མོ་དང་ཕྲུ་གུ་གཉིས་ལ་ལྟ་རྟོག་བྱེད་དགོས་པས་དཔལ་འབྱོར་གྱི་གནོན་ཤུགས་ཆེ་བར་དམིགས་ཏེ་ཁྲེང་ཀོན་ཆུས་སྲིད་གཞུང་གིས་ཁོང་གཉིས་ལ་སྤྱི་ཕན་ལས་གནས་སྤྲད་པ་དང་ཁྲེན་ཅན་མིན་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་དུ་བདེ་སྲུང་བྱེད་དུ་བཅུག་པ་དང་མིག་དམར་གཡང་སྐྱིད་སྡེ་ཁུལ་གྱི་དྲ་མིག་དོ་དམ་པ་བྱེད་དུ་བཅུག་ནས་ཁོང་གཉིས་པོར་ཟླ་རེར་གླ་ཆ་སྒོར་5000ཙམ་ཡོད།
ཐོག་མར་གཉེན་སྒྲིག་བྱེད་སྐབས་གུ་དོག་པའི་སྡོད་ཁང་རྙིང་པའི་ནང་སྡོད་པ་ནས་ད་ཆ་དཀར་ཆ་དོད་པའི་ཁང་གླ་ཁེ་བའི་བོགས་གཏོང་སྡོད་ཁང་ནང་སྡོད་རྒྱུ་བྱུང་བས་ཁྲེན་ཅན་མིན་གྱིས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཁྱིམ་ཚང་གི་ཆ་རྐྱེན་དེ་ཙམ་ཡག་པོ་མེད་ཀྱང་ཁོང་གིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་ཏེ་གཅེས་སེམས་བརྒྱུད་སྤྲོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
ཁྲེན་ཅན་མིན་དང་མིག་དམར་གཡང་སྐྱིད་ཀྱིས་ཁྱིམ་ཚང་ལ་འགན་འཁུར་བ་དང་བཟའ་ཟླར་བརྩེ་བ་ཟབ་མོ་འཆང་བའི་བོད་རྒྱ་བཟའ་ཚང་གི་བརྩེ་དུང་གི་གཏམ་རྒྱུད་ལས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རབ་ཏུ་བཞད་པ་དང་མི་རིགས་མཐུན་སྒྲིལ་ལ་མིག་དཔེ་བཟང་པོ་ཞིག་བཏོད་ཡོད་པ་རེད།