2020ལོའི་ཟླ་1ཚེས་11ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་འདེམས་ཤོག་ཆ་ཚང་ཐོག་ནས་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཞིང་། 《སྲོལ་ཡིག》དེ་ནི་ཟླ་5ཚེས་1ཉིན་ནས་ལག་བསྟར་བྱེད་འགོ་ཚུགས་པ་དང་། འདི་ནི་བོད་ཀྱིས་མི་རིགས་མཐུན་སྒྲིལ་ལས་དོན་ཐད་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འདོན་ཐེངས་དང་པོ་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་སྟོང་ཆའང་བསྐངས་ཤིང་། བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་མཚོན་ཡོད།
ཉིན་ཤས་གོང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨ་པོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། 《སྲོལ་ཡིག》བཏོན་ནས་ལག་བསྟར་བྱེད་པ་ནི་ལྗོངས་ཏང་ཨུད་ཀྱིས་མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཐོག བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་གཞི་བཙུགས་ཏེ་བཏོན་པའི་ཁྲིམས་འཛུགས་ཀྱི་ཐབས་ཇུས་གལ་ཆེན་ཞིག་ཡིན་ཞེས་བརྗོད་པ་རེད།
ཨ་པོས། ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་དང་། དེ་བཞིན་འགོ་འཛུགས་ས་དང་དོན་ལ་བབས་ས་བཅས་ལ་དམ་པོར་དམིགས་པ་དང་། “བདུན་ལྡན་གྲོང་ཁྱེར་མཉམ་གཏོད་བྱ་རྒྱུ”དམ་འཛིན་བྱ་གཞིར་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གྲོང་ཁྱེར་འཛུགས་གཏོད་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཐོག “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་ཆབ་མདོ་འཛུགས་སྐྲུན་བྱེད་པའི”བྱེད་སྒོ་དང་རྒྱ་བོད་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མི་རིགས་ཁག་གི་ཐུན་མོང་འདུས་གྲུབ་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མི་རིགས་ཁག་དབར་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་པས། མི་རིགས་ཁག་སེ་འབྲུའི་རྡོག་པོ་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་ཕུ་ནུ་བཞིན་ཕན་ཚུན་འཆམ་པོ་དང་། ལྟ་རེས་སྐྱོང་རེས། མཛའ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་སྔར་བས་མངོན་ནས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བོད་ཤར་གྱི་ས་གཞི་ཆེན་པོར་རབ་ཏུ་བཞད། 2017ལོ་ཚུན་དུ། བསྡོམས་གྲོང་ཁྱེར་རིམ་པའི་དཔེ་བཟང་མཉམ་སྡེབ་37དང་དཔེ་བཟང་མི་སྒེར་44ལ་གཟེངས་བསྟོད་བྱས་ནས་བྱ་དགའི་དངུལ་སྒོར་ཁྲི་50.2སྤྲད་པ་དང་ཆབས་ཅིག ཆབ་མདོ་གྲོང་ཁྱེར་གྱི་ཁག་དང་པོའི་དཔེ་སྟོན་ཚན་པ་6དང་སློབ་གསོའི་རྟེན་གཞི་4འོས་སྦྱོར་མིང་འདོགས་བྱས་པ་དང་། སྨར་ཁམས་རྫོང་ཚྭ་ཁ་ལྷོ་སློབ་འབྲིང་སོགས་སྔོན་ཐོན་མཉམ་སྡེབ་3དང་བློ་བཟང་རྡོ་རྗེ་སོགས་སྔོན་ཐོན་མི་སྒེར་4ལ་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་རྟགས་ཐོབ་པ། ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་2019ལོའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ(ཚན་པ)འདེམས་ཁོངས་སུ་ཚུད་པ་བཅས་བྱུང་ནས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ལས་དོན་ལ་རང་སྐྱོང་ལྗོངས་ཀྱི་དཔྱད་ཞིབ་རྩིས་ལེན་བདེ་བླག་བྱུང་ཡོད་ཅེས་བརྗོད་པ་རེད།
ཨ་པོས། གོམ་སྟབས་རྗེས་མར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་འཛུགས་གཏོད་ཀྱི་བརྗོད་དོན་གཙོ་བོ་འབུར་དུ་ཐོན་པ་དང་། འཛུགས་གཏོད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ། འཛུགས་གཏོད་ཀྱི་ནང་དོན་གཏིང་ཟབ་ཏུ་གཏོང་བ། འཛུགས་གཏོད་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་པའི་ཁར《སྲོལ་ཡིག》ལག་བསྟར་དོན་འཁྱོལ་ལས་དོན་ལ་ཁྱོན་ཡོངས་ནས་དམ་འཛིན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི“གཤམ་སྤེལ་དགུའི”བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་བ། བོད་དང་ནང་སའི་དབར་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལས་དོན་ལ་རྒྱུན་མཐུད་དམ་འཛིན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། མི་རིགས་ཁག་གི་མང་ཚོགས་ཀྱི“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་དང“མོས་སེམས་ལྔ”ཟབ་ཏུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་མཉམ་སྒྲུབ་མཉམ་སྤྲོ་བྱེད་པའི་སྤྱི་ཚོགས་ཁོར་ཡུག་གཏོད་པ་བཅས་བྱས་ཏེ། ཉིན་བཞིན་མང་དུ་འགྲོ་བའི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཁྲོད་མི་རིགས་ཁག་གི་མང་ཚོགས་དབར་གྱི་བར་ཐག་སྔར་བས་ཇེ་ཉེ་དང་མཛའ་བརྩེ་སྔར་བས་ཇེ་ཟབ་ཏུ་བཏང་ནས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དྲང་ནུས་ཆེན་པོ་རྒྱ་ཁྱབ་ངང་གཅིག་ཏུ་བསྡུས་ཏེ། བོད་ཤར་གྱི་ས་གཞི་ཆེན་པོར《སྲོལ་ཡིག》དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཐོག་ཆབ་མདོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ཕན་འབྲས་གསར་པའི་ཐོག་ནས་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།