དབུ་ཤོག>གསར་འགྱུར།
  • ལྷ་སའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་གཏོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-26

    2020ལོའི་ཟླ་1ཚེས་11ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད། 《སྲོལ་ཡིག》དེ་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ་དེ་ཐོག་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་དེ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་སྲོལ་ལམ་ཐོག་བསྐྱོད་པ་མཚོན་ཡོད། ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་སས《སྲོལ་ཡིག》ལག་བསྟར་གྱི་དངོས་ཡོད་དོན་སྙིང་ལ་ངོས་འཛིན་གང་འདྲ་བྱེད་མིན་དང་། ད་ཕན་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཁྱབ་ཁོངས་སུ་ལས་དོན་གང་དག་བསྒྲུབ་མིན། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་ཇི་ལྟར་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་སྒོར་བྱེད་ཐབས་གང་དག་སྤྱོད་མིན་བཅས་གནད་དོན་དེ་དག་ལ་དམིགས་ནས་གསར་འགོད་པས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ལ་བཅར་འདྲི་ཞུས་པ་རེད།

    པད་མ་དབང་འདུས་ཀྱིས《སྲོལ་ཡིག》དེ་ནི་རང་ལྗོངས་ཀྱིས་མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བློ་སྟོབས་ཆེན་པོ་དང་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་མཚོན་ཡོད། 《སྲོལ་ཡིག》ལག་བསྟར་བྱས་པ་དེས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་པའི་སྟོབས་ཤུགས་ཆེན་པོ་དེ་བས་ལེགས་པའི་སྒོ་ནས་གཅིག་སྡུད་ཐུབ་རྒྱུ་མ་ཟད། མི་རིགས་ཁག་གིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་གྲ་རྒྱས་འཕེལ་རྒྱས་ཀྱི་བོད་ཀྱི་ལེའུ་ཞིག་དེ་བས་རྩོམ་ཐུབ་ངེས་རེད་ཅེས་གསུངས་བྱུང་།

    པད་མ་དབང་འདུས་ཀྱིས་ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལས་དོན་ལ་མཐོང་ཆེན་བྱེད་ཀྱི་ཡོད། ལྷག་པར་དུ་ཏང་གི་ཚོཌ་ཆེན་བཅོ་བརྒྱད་པ་འཚོཌ་ཚུན། ལྷ་སའི་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། ལྟེ་བའི་གྲོང་ཁྱེར་གྱི་སྣེ་ཁྲིད་ཁྱབ་འགྱེད་ནུས་པ་རིམ་བཞི་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། གྲུབ་འབྲས་དེ་དག་ནི་ལྷ་སས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”པའི་མཛུབ་སྟོན་གལ་ཆེན་གསོན་ཉམས་དོད་པོས་ལག་བསྟར་བྱས་པ་ལས་བྱུང་བ་ཞིག་དང་། ལྷ་སའི་མི་རིགས་ཁག་གི་མང་ཚོགས་ཀྱིས“མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ”ལ་འཆད་འགྲེལ་ནུས་ལྡན་བྱས་པ་ལས་བྱུང་བ་ཞིག གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཀུན་སེམས་གཅིག་སྒྲིལ་གྱི་འབད་འཐབ་ལས་བྱུང་བ་ཞིག དུས་རབས་གསར་པའི་ལྷ་སའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལས་བྱུང་བ་ཞིག་བཅས་རེད།

    པད་མ་དབང་འདུས་ཀྱིས་ལྷ་ས་གྲོང་ཁྱེར་གྱིས་མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་མུ་མཐུད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་མཐའ་འཁྱོངས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་མཉམ་སྡོད་དང་། མཉམ་སྦྱོང་། མཉམ་སྒྲུབ། མཉམ་སྤྲོ་བཅས་ཀྱི་བདེ་སྐྱིད་ལྡན་པའི་གྲོང་ཁྱེར་བསྐྲུན་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་མི་རིགས་ལས་དོན་ཐག་གཅོད་དང་བཅའ་ཁྲིམས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་འགན་ལེན་བྱ་རྒྱུ་མཐའ་འཁྱོངས། མི་རིགས་ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་བ་དང《སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ལྷ་སའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།