པད་ཚལ་གྱི་ར་དྭངས་ཐབས། པད་ཚལ་བཀྲུས་ནས་ཞིབ་མོར་གཏུབ་རྗེས་ཚུའུ་དང་བྱེ་མ་ཀ་ར་བླུགས་ཏེ་སྐར་མ་10ཙམ་བསྙལ་རྗེས་བཟས་ན། མངར་སྐྱུར་གྱི་བྲོ་བས་ར་དྭངས་ཐུབ།
ཇིན་ཚལ་གྱི་ར་དྭངས་ཐབས། ཇིན་ཚལ་བཀྲུས་ནས་ཞིབ་མོར་གཏུབ་རྗེས་སེང་རས་ཀྱིས་བཏུམས་ནས་བཙིར་བའི་ཁུ་བ་བཏུང་དགོས། དེ་ལྟར་བྱས་ན་ར་བཟི་རྗེས་མགོ་ན་བ་དང་གདོང་དམར་པོར་གྱུར་པ་སོགས་སེལ་ཐུབ།
སྲན་རིགས་ཀྱི་ར་དྭངས་ཐབས། སྲན་ལྗང་དང་། སྲན་དམར། སྲན་ནག་སོ་སོར་ཁེ་50དང་ཤིང་མངར་ཁེ་15མཉམ་དུ་གདུས་པའི་ཁུ་བ་བཏུངས་ན། ར་དྭངས་ལ་རིག་པ་ཇེ་གསལ་དུ་འགྲོ་ཐུབ་ཁར་ཆང་ནད་ཀྱང་སེལ་ཐུབ།
ཚུའུ་རྙིང་གི་ར་དྭངས་ཐབས། ཚུའུ་རྙིང་ཁེ་60དང་། བུ་རམ་ཁེ་25 ལྒ་སྨུག་ལེབ་མོ་ཁེ་5བཅས་མཉམ་དུ་གདུས་ནས་འཐུང་དགོས།
ཚྭ་ཆུས་ར་དྭངས་ཐབས། ཆང་རག་འཐུང་དྲགས་ཚེ། ཆུ་ཁོལ་ནང་ཚྭ་ཉུང་ཙམ་བླུགས་ཏེ་ཚྭ་ཆུ་བཏུང་ན་དབུགས་གཏོང་མི་བདེ་བ་སེལ་ཐུབ།
འབྲས་ཁུས་ར་དྭངས་ཐབས། འབྲས་ཁུ་གར་པོའི་ནང་ཀ་ར་དང་Bརིགས་ཀྱི་འཚོ་བཅུད་སྣ་ཚོགས་ཡོད་པས། སྙོམས་སྒྲིག་དང་། དུག་སེལ། ར་དྭངས་པ་བཅས་ཀྱི་ཕན་ནུས་ལྡན་པ་དང་། བྱེ་མ་ཀ་ར་ཕྲན་ཙམ་བླུགས་ན་ཕན་ནུས་དེ་བས་བཟང་བ་ཡོད།
ལྒ་སྨུག་གི་ར་དྭངས་ཐབས། ར་བཟི་རྗེས་སྐྱུག་གྲབས་བྱེད་སྐབས་ལྒ་སྨུག་ལེབ་མོ་ཞིག་ཁ་ནང་དུ་ཉར་ན། སྐྱུག་པ་ཟློག་ཐུབ།
འོ་མས་ར་དྭངས་ཐབས། འོ་མས་ཕོ་ནང་དུ་ཆང་ནུས་འཕེལ་རྒྱུར་འགོག་ནས་ཕོ་བ་སྲུང་སྐྱོང་བྱེད་ཐུབ།