ཉེ་ཆར། གསར་འགོད་པས་ཤེས་རྟོགས་བྱས་པར། རིམས་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ལས་དོན་མི་སྣར་གུས་བཀུར་གྱི་སེམས་པ་མཚོན་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཟླ་6ཚེས་1ཉིན་ནས་བཟུང་རང་ལྗོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་པ་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པ་བཅས་ལ་དམིགས་ནས་གཟིགས་སྐྱོང་གི་བྱེད་སྒོ་སྤེལ་འདུག
བྱེད་སྒོ་སྤེལ་རིང་། རང་ལྗོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་པ་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པ་བཅས་ཀྱིས་ཐོབ་ཐང་ལག་ཁྱེར་དང་ལས་ཀའི་ལག་ཁྱེར་འཁྱེར་ནས་ར་མོ་ཆེའི་མདུན་ངོས་དང་། ཞོལ་སློབ་ཆུང་གི་མདུན་ངོས། ལྕགས་པོ་རིའི་ཞིང་ཞོར་ཁྲོམ་རའི་སྒོ་རྩ། བྲག་རི་ཁུག་ལམ། རྣམ་སྲས་སྡེ་ཁུལ་དགུ་པའི་སྦྲག་སྲིད་ཁང་གི་ཁ་སྤྲོད། ཧྲུའུ་གླིང་ཁུལ་ཆུང་སྒོ་རྩའི་གཡོན་ངོས་བཅས་ཀྱི་ཁྲེང་ཀོན་ཆུས་ས་གཙང་ཞིང་ཞོར་ཐོན་ཟོག་དམངས་ཕན་ཚོང་ཁང་ནས་ཚགས་ཤ་ཉོ་བར་ཕེབས་ན། རྒྱ་མ་རེར་སྒོར་གཉིས་གཅོག་རྒྱུ་མ་ཟད། རྩིབ་ཤ་རྒྱ་མ་རེར་སྒོར་20རེད་འདུག ཡིན་ནའང་ཉིན་རེར་མི་གཅིག་གིས་ཐེངས་གཅིག་ལས་ཉོ་ཆོག་གི་མི་འདུག
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་དམངས་ཕན་ཕྱིར་ཚོང་ཁང་གི་འགན་འཁུར་བ་ངག་དབང་ནོར་བུས“ཟླ་6ཚེས་1ཉིན་ནས་བཟུང་བྱེད་སྒོ་དེ་སྤེལ་ཚུན། ཚགས་ཤ་དང་རྩིབ་ཤ་ཉོ་མཁན་ཉུང་ཉུང་རེད་འདུག དེར་བརྟེན་ང་ཚོས་སྨྱན་སྦྱོར་བརྒྱུད་མི་དེ་བས་མང་བས་བྱེད་སྒོ་དེ་ཤེས་པར་བྱས་ནས་སྨན་དོན་ལས་དོན་པ་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། ཁོར་ཡུག་འཕྲོད་བསྟེན་བཟོ་པ་དེ་བས་མང་བར་ཕན་པ་ཐོབ་ཐབས་བྱ་རྒྱུ་ཡིན”ཞེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གཟིགས་སྐྱོང་བྱེད་སྒོ་དེ་ཟླ་བདུན་པའི་ཟླ་མཇུག་བར་སྤེལ་རྒྱུ་དང་བྱེད་སྒོ་མཇུག་སྒྲིལ་རྗེས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ད་དུང་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་མུ་མཐུད་བཀོད་སྒྲིག་བྱ་རྒྱུ་རེད་འདུག