ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས། ཀྲུང་གོས་འདས་ཟིན་པའི་ཟླ་དྲུག་གི་རིམས་འགོག་བརྒྱུད་རིམ་ནང་ཉམས་མྱོང་མང་པོ་བསགས་ཡོད་པས་ཀྲུང་གོ་ཕྱོགས་ལ་ཉེ་དུས་པེ་ཅིང་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ནུས་པ་ཡོད་པའི་ཡིད་ཆེས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་དང་མཉམ་ལས་དམ་ཟབ་བྱས་ཏེ་འབྲེལ་ཡོད་རོགས་སྐྱོར་མཁོ་འདོན་བྱ་རྒྱུ་དང་འབྲེལ་འཛམ་གླིང་ཡོངས་ལ་སྟབས་བསྟུན་གྱི་མཛུབ་ཁྲིད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་འཕྲོད་བསྟེན་ཛ་དྲག་རྣམ་གྲངས་ཀྱི་ལག་བསྟར་ཀྲུའུ་རེན་མའེ་ཁེར·རུའེ་ཨན་གྱིས་ཚེས་15ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་པེ་ཅིང་གི་དོན་གཅོད་ཁྲུའུ་རུ་འགོ་ནད་ཀྱི་རྒྱུན་སྡོད་རིགས་གཅིག་མཁས་ཅན་ཚོགས་པ་ཡོད་པས་ཁོང་ཚོས་པེ་ཅིང་གི་རིམས་ནད་འཕེལ་རྒྱས་ལ་དོ་ཁུར་དམ་ཟབ་བྱེད་བཞིན་ཡོད་པ་དང་ཆབས་ཅིག་ཀྲུང་གོའི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ནད་ཡམས་ཚོད་འཛིན་ལྟེ་གནས་དང་རྒྱུན་གཏན་གྱི་ལས་ཀའི་འགྲོ་འོང་བྱེད་ཀྱི་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སླད་ཕྱིན་གྱི་ཉིན་ཁ་ཤས་ནང་ཀྲུང་གོར་བཅའ་སྡོད་ཚོགས་པར་རིགས་གཅིག་མཁས་ཅན་གསབ་གཏོང་བྱས་ནས་འགོ་ཁུངས་འཚོལ་བ་དང་ནད་དུག་གི་རྒྱུད་གཞིའི་རིམ་སྟར་ལ་དབྱེ་ཞིབ་སོགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མུ་མཐུད་ཀྲུང་གོའི་རིམས་ནད་འཕེལ་ཚུལ་ལ་རྗེས་སྙེག་བྱེད་པ་དང་འབྲེལ་ཡོད་ཀྱི་རོགས་སྐྱོར་མཁོ་འདོན་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབྲེལ་ཡོད་ཀྱི་ཆ་འཕྲིན་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
རུའེ་ཨན་གྱིས། པེ་ཅིང་དུ་ཐོན་པའི་འདུ་འཛོམས་རང་བཞིན་གྱི་འགོ་སྟངས་དེས་ཚན་ཞིབ་མི་སྣས་ནད་དུག་མཆེད་སྟངས་དང་མཆེད་ལམ་སྔར་བས་འཚོལ་ཞིབ་དང་འབྲེལ་ཡོད་ཀྱི་དཔེ་དབྱིབས་བཟོ་བ་སོགས་ལ་རོགས་རམ་ཐུབ་རྒྱུ་ཡིན་པས་དེ་དག་རྒྱལ་ཁབ་ཁག་གི་ཞིབ་འཇུག་མི་སྣས་ཐུན་མོང་ཐོག་མཉམ་ལས་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཛ་དྲག་རྣམ་གྲངས་ཀྱི་འགན་འཁུར་བ་མཱ་ལི་ཡ·ཧྥན་ཁེར་ཁེ་ཧོ་ཧྥོ་ཡིས། རིམས་ནད་བསྐྱར་ལོག་བྱུང་བའི་རྒྱལ་ཁབ་དང་ས་ཁུལ་ཚང་མས་ནད་དཔེ་དང་འབྲེལ་གཏུག་བྱེད་མྱོང་ཡོད་པའི་མི་སྣར་རྗེས་སྙེག་དང་། ངོས་འཛིན། ལོགས་འཇོག་བཅས་མགྱོགས་མྱུར་བྱེད་དགོས། དེ་ལྟར་བྱས་ཚེ་རིམས་ནད་བསྐྱར་ལོག་གང་མགྱོགས་བཀག་འགོག་བྱེད་ཐུབ། ཞིབ་འཇུག་བྱས་པ་ལས་མངོན་དོན། གྲངས་འབོར་ངེས་ཅན་གྱི་མི་ཚོགས་ལ་སྔར་བཞིན་ནད་དུག་འགོ་བའི་ཉེན་ཁ་ཡོད་པས་རྒྱལ་ཁབ་ཚང་མས་དོགས་ཟོན་ཆེར་སྐྱེད་བྱེད་དགོས་པའི་ནན་བཤད་བྱས་པ་རེད།