དབུ་ཤོག>གསར་འགྱུར།
  • འབྲས་བུ་བྱུར་བུར་བཏགས། ཕྱུག་འགྱུར་ལམ་བུ་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-04

    སྐྱེ་ལྡན་རྩ་རྒྱུ་བཏབ་པའི་སྣོད་ཆས་ཆ་སྙོམས་པོས་བསྒྲིགས་པ་དང་དྲོད་ཁང་རེ་རེ་གྲལ་སྟར་འགྲིག་པོས་ཆགས་ཡོད། ཟླ་5པ་ནི་སེའུ་སྨིན་པའི་དུས་ཡིན་ཞིང་། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྙེ་མོ་ཤང་གནས་ཡུལ་གྲོང་ཚོའི་སེའུ་རིག་ནུས་དྲོད་ཁང་ཆེ་མོར་སྐྱོད་སྐབས་སེའུ་སྡོང་ལ་འབྲས་བུ་བྱུར་བུར་བཏགས་ཡོད།

    རིམ་པ་སྟར་ཆགས་ཀྱི་སྔོ་ལྗང་སྡོང་བུའི་སྟེང་དུ་དམར་ལ་ཆུ་ཁྲུམ་ཁྲུམ་གྱི་སེའི་རྡོག་པོ་བཏགས་ཡོད་པས་མཐོང་བ་ཙམ་གྱིས་མི་རྣམས་འགྲམ་ཆུ་ཤོར་བ་ཞིག་ཡོད་པ་དང་། དེ་དག་རྒྱང་རིང་ནས་བལྟས་ཚེ་དམར་མདོག་ཅན་གྱི་རིན་ཆེན་མ་ན་ཧོ་དང་ལྷག་པར་འདྲ་བས་མི་རྣམས་ལ་ངང་གིས་དགའ་བ་སྟེར་གྱི་ཡོད། དེ་ནི་བོད་ཀྱི་ས་གཞིར་ཐོགས་པའི་སེའུ་ཡི་འབྲས་བུ་ཐོག་མ་དེ་རེད།

    ས་བབ་མཐོ་ཚད་སྨི་4200ཡོད་པའི་ས་ཆ་དེ་ནི་སྔོན་མ་ཐང་རྒོད་ཅིག་ཡིན་པ་དང་སྙེ་མོ་རྫོང་གིས་ས་མེད་འདེབས་འཛུགས་ལ་བརྟེན་ནས་དེ་གར་ཚལ་རིགས་དང་ཤིང་ཏོག་སྣ་ཚོགས་བཏབ་པ་དང་། ད་ཆ་དེ་གར་གྲོང་མི་ཚོས་དགའ་པོ་བྱེད་པའི་སེའུ་བཏབ་ནས་འདེབས་འཛུགས་ལས་རིགས་ས་གནས་དེ་གའི་གྲོང་མིའི་ཕྱུག་འགྱུར་ཐོན་ལས་སུ་འགྱུར་བར་བྱས་ཡོད།

    མ་གཞི་བྱས་ན་ཚ་དྲོད་ཆེ་ཁུལ་དུ་འདེབས་རྒྱུར་འཚམ་པའི་སེའུ་དེ་ད་ཆ་བོད་ལྗོངས་ས་མཐོར་བཏབ་པ་དེ་ནི་ལག་རྩལ་ཐད་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་རེད། སེའུ་གསོན་ཚད་འགན་ལེན་བྱ་ཆེད་སྙེ་མོ་རྫོང་གིས་རིག་ནུས་དྲོད་ཁང་བརྒྱབ་སྟེ་ས་རྒྱུད་ལེགས་བཅོས་ཀྱིས་རིམ་པ་འདི་གའི་ནོར་སྲིད་མ་དངུལ་ཁྲོད་ནས་སྒོར་ཁྲི་400ཙམ་བཏང་ནས་ཚོད་འདེབས་བྱས་པ་མ་ཟད། ཧྲན་ཏུང་ཞིང་ཆེན་ཧྲོའུ་ཀོང་གྲོང་ཁྱེར་ནས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཐོན་ལས་རྣམ་གྲངས་ཀྱི“གནད་ཀྱིས་གནད་ལ་དམིགས་པའི”ལས་བྱེད་པ་དང་ས་གནས་དེ་གའི་གྲོང་མི་ཚོར་སེའུ་འདེབས་སྟངས་ཀྱང་བསླབས་པ་རེད།

    “ང་ཚོས་གཡོག་བྱེད་བྱས་པའི་སེའུ་སྐྱེ་ཚུལ་བཟང་པོ་བྱུང་བ་དང་མི་སེར་ཚོར་སེའུ་བཏབ་པ་ལས་འབབ་འཕར་བྱུང་ནས་འཚོ་བའི་སྤུས་ཚད་མཐོ་རུ་སོང་བ་མཐོང་སྐབས་ང་རང་གི་ལས་ཀར་དེ་བས་སྙིང་པོ་ཡོད་པ་བསམ་གྱི་འདུག”ཅེས་རང་ཉིད་ཀྱིས་རོགས་རམ་བྱས་པ་ལས་མི་མང་པོ་ཞིག་གི་དངུལ་ཁུག་ལྗིད་ཏིག་ཏིག་ཆགས་པ་མ་ཟད་ཤེས་ཚད་ཀྱང་མཐོ་རུ་ཕྱིན་པ་མཐོང་སྐབས་སེའུ་འདེབས་འཛུགས་རྣམ་གྲངས་ཀྱི“གནད་ཀྱིས་གནད་ལ་དམིགས་པའི”ལས་བྱེད་པ་བདེ་སྐྱིད་ཀྱིས་དགའ་ཚོར་ཆེན་པོས་བཤད།

    སྙེ་མོ་ཤང་རི་མཚོ་གྲོང་ཚོ་ནས་ཡིན་པའི་དབུལ་སྒྲོལ་དུད་མི་བསྟན་པ་རབ་རྒྱས་ཀྱིས་ཉིན་ལྟར་དྲོད་ཁང་ནང་བསྐྱོད་དེ་སེའུ་ཡི་སྡོང་པོ་དེ་དག་ལ་གཡོག་བྱེད་བྱས་པར་ཟླ་རེར་ཡོང་འབབ་སྒོར་3000ཡོད། བསྟན་པ་རབ་རྒྱས་ཀྱིས་མིག་མདུན་དུ་ཡོད་པའི་སེའུ་ཡི་སྡོང་པོ་དང་དེའི་སྟེང་བཏགས་པའི་སེའུ་དེ་དག་ནི་དཔག་བསམ་ཤིང་ལྟ་བུར་མཐོང་གི་ཡོད།

    “སེའུ་འདེབས་འཛུགས་རྟེན་གཞིའི་ལས་མི་ཚོར་དེ་སྔོན་ཞིང་ལས་ཁོ་ན་བྱེད་པ་ཕུད་འབབ་ཁུངས་གཞན་གང་ཡང་མེད། ན་ནིང་ཟླ་4པར་སེའུ་འདེབས་འགོ་ཚུགས་པ་ནས་བཟུང་ང་ཚོར་ཉིན་ལྟར་ཡོང་འབབ་སྒོར་100འདུག ངས་འདི་ག་ནས་འདེབས་འཛུགས་ལག་རྩལ་མང་པོ་ཤེས་བྱུང་ལ། ཕྱིས་འབྱུང་མུ་མཐུད་སློབ་སྦྱོང་ལ་འབད་པ་ལྷུར་ལེན་གྱིས་ཏན་ཏན་ཏིག་ཏིག་ངང་རང་འཁྲིའི་ལས་ཀ་ཧུར་ཐག་བྱེད་ཀྱི་ཡིན”ཞེས་བསྟན་པ་རབ་རྒྱས་ཀྱིས་སེམས་ཤུགས་ཆེན་པོས་བཤད།

    “ད་ཆ་ང་རང་དྲག་ཆར་རླུང་འཚུབ་ཁྲོད་ལས་ཀ་མི་དགོས་པར་ཉིན་ལྟར་ད་དུང་ཡོང་འབབ་ཀྱང་སྒོར་100ལྷག་ཙམ་འདུག ངས་འདེབས་འཛུགས་ལག་རྩལ་ཡག་པོ་སྦྱངས་ཏེ་སླད་ཕྱིན་གྲོང་མི་དེ་བས་མང་བའི་སྣེ་ཁྲིད་དེ་ལག་རྩལ་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱེད་ཀྱི་ཡིན”ཞེས་འདེབས་འཛུགས་ལག་རྩལ་ལ་བྱང་ཆུབ་པའི་གནས་ཡུལ་གྲོང་ཚོའི་གྲོང་མི་གྲུང་མདོག་ལྷ་མོས་དྲོད་ཁང་ནང་དེ་ལྟར་བཤད།

    བསྟན་པ་རབ་རྒྱས་དང་གྲུང་མདོག་ལྷ་མོ་གཉིས་པོ་དང་འདྲ་བའི་ཞིང་པ་དེ་བས་མང་བས་ཀྱང་ད་ཆ“གནམ་ཆུ་སྒུག་ནས་འཚོ་ཐབས་བྱེད་པ”ནས“ཚན་རྩལ་ལ་བརྟེན་ནས་འཚོ་ཐབས་བྱེད”བཞིན་ཡོད་ལ། ཁོང་ཚོས་ཞིང་ལས་ཀྱི་ལག་རྩལ་གསར་པ་དང་ཤེས་བྱ་གསར་པ་ཧུར་ཐག་སྦྱངས་ཏེ་རྒྱ་ཆེའི་མང་ཚོགས་དང་མཉམ་དུ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་པ་ལས། གྲོང་གསེབ་དར་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་ཇི་ཙམ་བཏིང་བ་དེ་ཙམ་གྱིས་མངོན་འགྱུར་ཡང་ཡོང་བཞིན་ཡོད།

    ཟླ་5ཚེས་27ཉིན་གྱི་ཕྱི་དྲོ་སྙེ་མོ་རྫོང་གིས“འབྲས་བཟང་མཉམ་སྤྱོད་ཀྱིས། འབྱོར་འབྲིང་ལ་རམ་འདེགས་བྱེད”ཅེས་པའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཏེ་སེའུ་སྡོང་འཚོང་བའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རྗེས་རྫོང་ཡོངས་ཀྱི་ལས་རིགས་ཁག་གི་མི་སྣའི་དོ་ཁུར་རྒྱ་ཁྱབ་ཐོབ་པ་དང་དང་ལེན་ཧུར་ཐག་ཞུས་ཡོད། དེ་ཉིན་ཕྱི་དྲོ་འབྲས་བུ་ཐོགས་པའི་སེའུ་སྡོང་རྐང་300ཙམ་བྲིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སེའུ་སྡོང་རྣམ་གྲངས་དུས་ཐེངས་དང་པོའི་ཚོད་འདེབས་ལེགས་གྲུབ་བྱུང་བའི་རྨང་གཞིའི་ཐོག་2019ལོའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཡིན་པའི་ངོས་ནས་སྙེ་མོ་རྫོང་གིས་ད་དུང་མ་དངུལ་སྒོར་ཁྲི་5284.57བཏང་སྟེ་སེའུ་སྡོང་རྣམ་གྲངས་དུས་ཐེངས་གཉིས་པ་གཉེར་བ་རེད། རྣམ་གྲངས་རྒྱུན་གཏན་ལྟར་གཉེར་སྐྱོང་ཐུབ་ནས་འབྲས་བུ་ཡོངས་སུ་ཐོགས་རྗེས་སྔོན་དཔག་བྱས་ན་ལོར་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་ཡོང་རྒྱུ་དང་། སྙེ་མོ་ཤང་གི་དུད་ཚང་54ཡི་ཞིང་འབྲོག་མང་ཚོགས་240ལྷག་ཙམ་ལ་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་བའི་སྐུལ་ཁྲིད་ཐུབ་རྒྱུ། མང་ཚོགས་རྣམས་ཐོན་ལས་འཕེལ་རྒྱས་ཁྲོད་ནས་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོབ་རྒྱུ་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།