ཞི་ཅིན་ཕིང་གིས་རིགས་གཅིག་མཁས་ཅན་དང་མཁས་དབང་གི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
■ མི་དམངས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་ཡིན་པས། མཐའ་ཚད་ཀྱི་བསམ་གཞིར་ཤུགས་སྣོན་རྒྱག་པ་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ཉེན་ཁ་ཚབས་ཆེན་ལ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེན་ཞིག་བཙུགས་ནས་སྔོན་ཚུད་ཉེན་བརྡའི་དང་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་སྔོན་འགོག་དང་ཚོད་འཛིན་དང་སྐྱོབ་བཅོས་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། འགོག་སྲུང་དྲ་རྒྱ་དམ་ཚགས་བཟོ་བ་དང་ལོགས་སུ་འཇོག་པའི་ལས་དོན་ཡག་པོ་སྒྲུབ་ཚེ་ད་གཟོད་གཞི་ནས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པར་འགན་ལེན་ནུས་ལྡན་བྱེད་ཐུབ།
■ ནད་ཡམས་སྔོན་འགོག་དང་ཚོད་འཛིན་མ་ལག་ནི་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་དང་། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འགན་ལེན། དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་འགན་ལེན་གལ་ཆེན་ཞིག་རེད། དེ་བས་གནད་སྨིན་དང་དེ་བས་ནུས་ལྡན་གྱི་སྒོ་ནས་སྔོན་འགོག་བྱ་རྒྱུར་གཞི་ཚུགས་ཏེ་སྒྲིག་གཞི་དང་ལམ་སྲོལ་མཐུན་སྦྱོར་དང་། ནུས་པ་དང་ངེས་གནས་གསལ་བཟོ། ཆེད་ལས་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཟླ་6ཚེས་2ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རིགས་གཅིག་མཁས་ཅན་དང་མཁས་དབང་གི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་མི་དམངས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་ཡིན་པས། མཐའ་ཚད་ཀྱི་བསམ་གཞིར་ཤུགས་སྣོན་རྒྱག་པ་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ཉེན་ཁ་ཚབས་ཆེན་ལ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེན་ཞིག་བཙུགས་ནས་སྔོན་ཚུད་ཉེན་བརྡའི་དང་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་སྔོན་འགོག་དང་ཚོད་འཛིན་དང་སྐྱོབ་བཅོས་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། འགོག་སྲུང་དྲ་རྒྱ་དམ་ཚགས་བཟོ་བ་དང་ལོགས་སུ་འཇོག་པའི་ལས་དོན་ཡག་པོ་སྒྲུབ་ཚེ་ད་གཟོད་གཞི་ནས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པར་འགན་ལེན་ནུས་ལྡན་བྱེད་ཐུབ་ཅེས་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀོང་ཀྲོའུ་གསོ་རིག་སློབ་ཆེན་གྱི་དབུགས་ལམ་ཁོག་ནད་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཀྲུང་ནན་ཧྲན་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ཏེ་རང་རྒྱལ་གྱི་རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་སྐྱོབ་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། སྤྱི་པའི་འཕྲོད་བསྟེན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ལ་དམིགས་ཏེ་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ལ་སྤྱི་འདོམས་དང་འཕྲལ་ཐག་ཆོད་པའི་ཐབས་ཇུས་ལ་བརྟེན་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་པ་དང་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་གོང་འོག་སེམས་པ་གཅིག་མཐུན་དང་ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་ནན་ཤོས་དང་། ཆ་ཚང་ཤོས། མཐར་ཕྱིན་ཤོས་བཅས་སྤྱད་པས། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་མངོན་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་གྱི་ཉིན་བཞིན་སྟོབས་ཆེར་འགྲོ་བའི་ཕྱོགས་བསྡུས་རྒྱལ་སྟོབས་མཚོན་པ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཕྱར་བ་གྲུ་འདེགས་དང་ཀུན་སེམས་གཅིག་སྒྲིལ་བྱེད་པའི་སྟོབས་ཤུགས་ཆེན་པོ་མཚོན་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་ཁྲོད། རྒྱ་ཆེའི་རིགས་གཅིག་མཁས་ཅན་དང་མཁས་དབང་རྣམས་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་བཅངས་ནས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་རིམས་ནད་ཀྱི་དུས་བབ་ལ་དབྱེ་ཞིབ་བྱེད་པ་དང་། སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་སྐྱོབ་བཅོས་ལ་མཛུབ་ཁྲིད་བྱེད་པ། ཚན་ཞིབ་འགག་སྒྲོལ་མགྱོགས་སུ་གཏོང་བ། བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་བཅོས་རྒྱག་པ། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོཌ་ཀྱི་ཐད་ཐབས་དང་ཇུས་བཏོན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་ལ་ལེཌ་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་དང་ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཚང་མར་སྙིང་དབུས་ནས་ཐུཌ་རྗེ་ཆེ་ཞུས་པ་རེད།
ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་བདེ་ཐང་ནི་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་གྱི་རྨང་གཞི་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཏང་གི་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་ཁ་གསལ་བཟོས་ནས་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བའི་ལམ་ལུགས་ཀྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ་དང་། སྔོན་འགོག་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་བརྟན་པོའི་ངང་འཕེལ་རྒྱས་བཏང་སྟེ་H1N1ཆམ་རིམས་ཀ་པ་དང་། H7N9 ཨའེ་པོ་ལ་ཁྲག་ཐོན་ཚ་ནད་སོགས་གློ་བུར་དུ་ཐོན་པའི་རིམས་ནད་བདེ་བླག་ངང་སྔོན་འགོག་དང་ཁ་གཏད་བཅག་པས། འགོ་ནད་གཙོ་བོ་འབྱུང་ཚད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རྨང་གཞིའི་རང་བཞིན་གྱི་གནས་བབ་ཏུ་གནས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཧྲིལ་པོ་དང་འབྲེལ་མཐུད་དམ་ཟབ་ཀྱིས་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཅེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་མ་ལག་ནི་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་དང་། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འགན་ལེན། དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་འགན་ལེན་གལ་ཆེན་ཞིག་རེད། དེ་བས་གནད་སྨིན་དང་དེ་བས་ནུས་ལྡན་གྱི་སྒོ་ནས་སྔོན་འགོག་བྱ་རྒྱུར་གཞི་ཚུགས་ཏེ་སྒྲིག་གཞི་དང་ལམ་སྲོལ་མཐུན་སྦྱོར་དང་། ནུས་པ་དང་ངེས་གནས་གསལ་བཟོ། ཆེད་ལས་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་མ་དངུལ་གཏོང་བའི་ལམ་སྲོལ་བརྟན་པོ་འཛུགས་པ་དང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་རྨང་གཞིའི་ཆ་རྐྱེན་ལེགས་སུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ནད་ཡམས་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞིའི་འགན་ནུས་བཀོད་སྒྲིག་ལེགས་སྒྱུར་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གོང་འོག་མཉམ་འགུལ་གྱི་ལས་བགོས་མཉམ་སྒྲུབ་ལམ་སྲོལ་འཛུགས་དགོས། རྒྱལ་ཁབ་རིམ་པའི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞིའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དེའི་ལག་རྩལ་དང་། ནུས་པ། ཤེས་ལྡན་མི་སྣ་གྲབས་གསོག་བཅས་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་སྔོན་ཚུད་ཀྱི་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་ནུས་ཆེ་རུ་གཏོང་རྒྱུ་དེ་སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་དུ་བརྩིས་ནས་འགོ་ནད་ཀྱི་གནས་ཚུལ་དང་གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་ལྟ་ཞིབ་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱུ་རྐྱེན་གསལ་པོ་མེད་པའི་ནད་ཡམས་དང་རྒྱུན་གཏན་མིན་པའི་བདེ་ཐང་དོན་རྐྱེན་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་སྲོལ་ལེགས་བཅོས་བྱེད་པ། དཔྱད་དཔོག་དང་ལྟ་ཞིབ་ཚད་ལེན་གྱི་ཚོར་སྣང་སྐྱེན་པའི་རང་བཞིན་དང་གནད་འཁེལ་རང་བཞིན་ཆེ་རུ་གཏོང་བ། རིག་ལྡན་ཅན་གྱི་ཉེན་བརྡ་གང་ས་ནས་གཏོང་བའི་ལམ་སྲོལ་འཛུགས་པ། ཐབས་ལམ་མང་བའི་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དུས་ཐོག་ཏུ་དབྱེ་ཞིབ་དང་གཅིག་སྡུད་ཞིབ་འཇུག་བརྡར་གཅོད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་དྲ་བ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་འགོ་ནད་ཞིབ་དཔྱད་ཚད་ལེན་གྱི་ནུས་པ་ཆེ་རུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་སྒྲིག་གཞི་དང་སྨན་བཅོས་སྒྲིག་གཞིས་མཉམ་དུ་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་སྲོལ་འཛུགས་པ་དང་གཞི་རིམ་གྱི་སོ་ལྟ་ཁང་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ཏེ་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་ཞུ་འབུལ་བ། སྔ་ཙམ་ཐག་གཅོད་བཅས་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་སྐྱོབ་བཅོས་ལས་དོན་སྤེལ་རིང་། ང་ཚོས་མི་དམངས་གོང་དུ་བཀུར་རྒྱུ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་སྔར་ན་མེད་པའི་སྒོ་ནས་རྒྱལ་ཡོངས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་གཞི་ཁྱོན་ཆེ་བའི་སྐྱོབ་བཅོས་བྱས་ནས་ནད་པ་གཅིག་ཀྱང་མ་ལུས་པ་དང་གཅིག་ཀྱང་བློས་གཏོང་མ་བྱས་པར་སྐྱེས་མ་ཐག་པའི་ཕྲུ་གུ་དམར་འབྱར་ནས་ལོ་100ལྷག་ཙམ་ལ་སླེབས་པའི་རྒན་རྒོན་སུ་ཞིག་ཡིན་རུང་སྐྱོབ་བཅོས་ལེགས་པར་བྱས་ཏེ་སྨན་རིན་རྐྱེན་གྱིས་སྨན་བཅོས་འཐུས་ཤོར་མི་འགྲོ་བའི་འགན་ལེན་བྱས་ཡོད། འཕྲལ་སྡོམ་གནས་ཚུལ་འོག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་སྐུལ་སློང་དང་ལེན་དང་། ཁུལ་ཁོངས་མཉམ་སྒུལ། མི་སྣ་བསྡུ་རུབ་བཅས་སྤྱི་འདོམས་བྱེད་པ་དང་རིམ་དབྱེ་དང་། རིགས་དབྱེ། ཁག་བགོས་བཅས་ཀྱི་རིམས་ནད་ཚབས་ཆེན་འགོག་བཅོས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། གཞུང་བཙུགས་སྨན་ཁང་གི་འགོ་ནད་འགོག་བཅོས་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། ཕྱོགས་བསྡུས་སྨན་ཁང་གི་འགོ་ནད་འགོག་བཅོས་སྒྲིག་བཀོད་འཛུགས་སྐྲུན་གྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་སྨན་བཅོས་སྐྱོབ་བཅོས་ཀྱི་གྲབས་གསོག་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ནི་རང་རེའི་ཏང་གིས་མང་ཚོགས་ལམ་ཕྱོགས་འཕྲོད་བསྟེན་ནད་འགོག་ལས་དོན་ཁྲོད་སྤྱད་པའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་རེད། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་དོན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། བྱེད་ཐབས་དང་བྱེད་སྟངས་གསར་གཏོད་བྱེད་པ། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ནས་ཕྱོགས་ཡོངས་ཀྱི་སྤྱི་ཚོགས་བདེ་ཐང་དོ་དམ་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་དམངས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པའི་ཁྱོན་ཡོངས་རང་བཞིན་དང་ཡུན་རིང་རང་བཞིན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། སྡོད་མལ་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་བཅོས་དང་། སྤྱི་པའི་འཕྲོད་བསྟེན་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཤེས་དཔལ་དང་སྐྱོན་བྲལ། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ནས་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། བཟའ་བཏུང་གི་དར་སྲོལ་བཟང་པོ་འཛུགས་པ། ཡ་རབས་དང་སྐྱོན་བྲལ་གྱི་འཚོ་བའི་གོམས་གཤིས་ཁྱབ་གདལ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་དང་། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གི་སྨན་རྫས་མཉམ་སྤྱོད་བྱས་པ་ནི་ད་ཐེངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ལ། ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གྱི་སྙིང་བཅུད་དང་རྩ་བ་བརྟན་སྲུང་དང་གསར་གཏོད་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་རེད། གནའ་བོའི་སྨན་གཞུང་གི་སྙིང་བཅུད་ལེགས་སྒྲིག་དང་སྔོག་འདོན་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཚན་རིག་ཞིབ་འཇུག་གི་འདེགས་སྐྱོར་ལས་སྟེགས་ཁག་གཅིག་སྐྲུན་པ། ཀྲུང་ལུགས་སྨན་རྫས་ཞིབ་དཔྱད་དང་ཞིབ་མཆན་འགོད་པའི་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་ལུགས་སྨན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ལུགས་སྨན་ཁང་གི་འཕྲལ་སྡོམ་དང་སྐྱོབ་བཅོས་ནུས་པ་ཆེ་རུ་གཏོང་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་ཚད་མཐོ་བའི་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་གི་རིམས་ནད་འགོག་བཅོས་དཔུང་ཁག་ཅིག་གཏོད་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ལུགས་དང་ཕྱི་ལུཌ་གསོ་རིག་ཕན་ཚུན་ཁ་གསབ་དང་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་དམིགས་ས་ཡོད་པའི་སྒོ་ནས་འགོ་ནད་འགོག་བཅོས་བཅའ་ཁྲིམས་དང་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་བཟོ་བཅོས་དང་གཏན་འབེབས་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། དབང་འགན་ཁ་གསལ་དང་། གོ་རིམ་ཚད་ལྡན། ལག་བསྟར་ནུས་ལྡན་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཁྲིམས་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་ཐོག་ནས་གསར་དུ་ཐོན་པ་དང་གློ་བུར་དུ་ཐོན་པའི་འགོ་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་དབྱང་དང་ས་གནས་དང་། སྲིད་གཞུང་དང་སྡེ་ཚན། སྲིད་འཛིན་ལས་ཁུངས་དང་ཆེད་ལས་སྒྲིག་གཞི་བཅས་ཀྱི་འགན་འཁྲི་ཁ་གསལ་བཟོ་བ་བཅས་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ཁྱབ་གདལ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལྟར་བྱ་སྤྱོད་སྤེལ་བ་དང་ཁྲིམས་ལྟར་ལས་དོན་སྒྲུབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་ཚན་རིག་ལག་རྩལ་ནི་མིའི་རིགས་ཀྱིས་ནད་ཡམས་དང་འཐབ་རྩོད་བྱེད་པའི་མཚོན་ཆ་རྩེ་གྲ་ཞིག་ཡིན་པ་དང་། མིའི་རིགས་ཀྱིས་གནོད་འཚེ་ཆེན་པོ་དང་རིམས་ནད་ཆེན་པོ་ལས་རྣམ་པར་རྒྱལ་བ་བྱེད་པར་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་ལག་རྩལ་གསར་གཏོད་དང་ཁ་འབྲལ་ཐབས་མེད། འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་ཚན་རྩལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་སྟོབས་ཤུགས་གཅིག་སྡུད་ཀྱིས་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱས་ནས་རྒྱལ་ཡོངས་སྒྲིག་སྲོལ་གསར་པའི་ལེགས་ཆ་འདོན་སྤེལ་བྱེད་དགོས། ཚན་རིག་ཞིབ་འཇུག་གི་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་འཐབ་ཇུས་ཀྱི་ཚན་རིག་པ་དང་གསར་གཏོད་ཅན་གྱི་ཚན་རྩལ་ཤེས་ལྡན་མི་སྣ་ཤེས་རྟོགས་དང་། གསོ་སྐྱོང་། སྐུལ་ལྕག་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་སྔར་ལས་མང་བ་ཚན་རིག་ཞིབ་འཇུག་དཔུང་ཁག་ནང་ཞུགས་རྒྱུའི་ཡིད་དབང་བཀུག་སྟེ་ཁོང་ཚོར་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཆེད་ཆ་རྐྱེན་བསྐྲུན་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་རིམས་ནད་ཐོན་རིང་ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛིན་གྱི་ཡོད། རྒྱལ་སྤྱིའི་འོས་འགན་ཧུར་ཐག་བསྒྲུབས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་ཡོད་རྒྱལ་ཁབ་དང་མཛའ་མཐུན་མཉམ་ལས་དམ་ཟབ་བྱས་པ་དང་། རང་འགུལ་ངང་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་ནད་ཀྱི་གནས་ཚུལ་དང་། ནད་དུག་གི་ཆ་འཕྲིན། རིམས་ནད་འགོག་པའི་ཉམས་མྱོང་དང་བྱེད་ཐབས་མཉམ་སྤྱོད་བྱས་པ། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་100ལྷག་ཙམ་ལ་ནུས་པས་ལྕོགས་ཚོད་ཀྱིས་དངོས་པོ་དང་ལག་རྩལ་གྱི་རོགས་སྐྱོར་བྱས་པ་བཅས་ལས་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་གི་འགན་འཁྲི་འཁུར་སེམས་མཚོན་ཡོད་ཅེས་ནན་བཤད་གནང་བ་རེད།
འགན་འཁུར་རྩོམ་སྒྲིག་པ། 尕藏智华
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣