དབུ་ཤོག>གསར་འགྱུར།
  • བོད་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་མཉམ་དུ་མི་རིགས་མཐུན་སྒྲིལ་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-28

    འདི་ལོའི་ཟླ་5ཚེས་1ཉིན《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་བ་དེ་ཐོག་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་སྲོལ་ལམ་དུ་སླེབས་པ་མཚོན་ཡོད།

    2019ལོའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་ཉིད་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ལྷོད་མེད་བྱེད་དགོས་ཞེས་གསུངས་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། མངའ་རིས་ས་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ། སྲིད་འཛིན་ཀུང་ཧྲུའུ་ཡི་དེ་སྔའི་ཀྲོན་ཡོན་བཅས་ཡིན་པའི་ཕུན་ཚོཌ་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན། དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོཌ་ལ་སྤྲིངས་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་བཏང་ནས་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་མི་སེམས་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཡོད་ཅེས་གསུངས་པ་རེད།

    མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལ་ཐོབ་པའི་གྲུབ་འབྲས་མིག་ལྡན་ཀུན་གྱིས་མཐོང་ཐུབ་པ་ཞིག་ཡིན་པ་སྟེ། སྒར་རྫོང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་དཔེ་བཟང་ཚན་པར”བདམས་པ་དང་སེང་གེ་ཁ་འབབ་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི་ཁག་ལྔ་པར”བདམས་ཡོད། ལོ་གཉིས་ནང་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཉམ་སྡེབ་45དང་སྔོན་ཐོན་མི་སྒེར་60ལ་གཟེངས་བསྟོད་བྱས་པ་དང་། རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྫོང་རིམ་པའི་སྔོན་ཐོན་མཉམ་སྡེབ་158དང་སྔོན་ཐོན་མི་སྒེར་233གཟེངས་བསྟོད་བྱས་པ་རེད།

    མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་ནི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་རྩ་བའི་ཐབས་ལམ་ཞིག་རེད།

    “ང་ཚོས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལས་དོན་ལ་དམ་འཛིན་ལྷོད་མེད་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་ངང་གྲོང་ཚོ་ཨུ་ལྷན་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཆེ་མོ་ཞིག་ཏུ་བཏོད་ནས་དར་དམར་གྲོང་ཚོར་སླེབས་པའི་མི་རིགས་ཁག་གི་སྤུན་ཟླ་ཚོར་རང་ཁྱིམ་ལ་སླེབས་པ་ལྟར་གྱི་དྲོ་སྐྱིད་སྦྱིན་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དར་དམར་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས་གསུངས།

    གྲོང་ཚོ་ཨུ་ལྷན་གྱི་ཧྲུའུ་ཅི་དང་པོ་དང་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར་ཡིན་པའི་སྐལ་བཟང་སྒྲོལ་དཀར་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལས་དོན་ལ་དམ་འཛིན་ལྷོད་མེད་གནང་ཡོད།

    རིམས་ནད་ལ་འགོག་རྒོལ་བྱེད་རིང་། དར་དམར་གྲོང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མི་རིགས་དབར་ཕན་ཚུན་རོགས་རམ་བྱས་པ་དང་། དུས་ཐོག་ཏུ་གྲོང་ཚོ“ཨུ་ལྷན་གཉིས”དང་། ཁོངས་གཏོགས་ཁུལ་གྱི་ཉེན་དོན་ས་ཚིགས། གྲོང་ཚོའི་འཕྲོད་བསྟེན་ཁང་བཅས་ལས་གྲུབ་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང“དྲ་མིག་ཅན་དང་། ལས་སྒོའི་ཁུལ་ཆུང་། གཉིས་ལྡན་དུད་སྦྲེལ་གྱི་དྲ་རྒྱ”བཅས་ཟུང་འབྲེལ་གྱི་བྱ་ཐབས་བཟོས་པ། “གཅིག་རེ་དྲུག”གི་ལས་དོན་སྒྲུབ་སྟངས་དོན་འཁྱོལ་ཧུར་ཐག་བྱས་པ་རེད། མིག་སྔར་ཁོངས་གཏོགས་ཁུལ་གྱིས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་བ་དང་། རིམས་ནད་ཐོན་རིང་ཁོངས་གཏོགས་ཁུལ་གྱི་སྒེར་གཉེར་བཟོ་ཚོང་དུད་ཚང་གི་ཚོང་གཉེར་དཀའ་གནད་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། གྲོང་ཚོ་ཨུ་ལྷན་གྱིས་མཉམ་སྡེབ་དཔལ་འབྱོར་ནས་ཁང་གླ་ལེན་མཁན་650ལྷག་ཙམ་ལ་ཟླ་1གི་ཁང་གླ་བསྡོམས་སྒོར་ཁྲི་296ལྷག་རྩ་ཆག་བཏང་བ་དང་ཆབས་ཅིག གྲོང་ཚོ་ཨུ་ལྷན་དང་ཏང་ཡོན་གྱིས་ཝུའུ་ཧན་ལ་ཞལ་འདེབས་སྒོར་ཁྲི་15བརྒྱབ་པ་རེད།

    མི་རིགས་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་ནི་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྐྱེ་སྟོབས་ཀྱིས་ཕྱུག་པའི་སྟོབས་ཤུགས་ཤིག་རེད། དེས་ན་མི་རིགས་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་ལ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏོང་རྒྱུ་ནི་གཞོན་ནུ་ལོ་ཆུང་གི་སློབ་གསོའི་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་གཞོན་པ་སྐལ་བཟང་བདེ་སྐྱིད་ཀྱིས་སློབ་གྲྭས་རྟག་ཏུ་དུས་བབ་གསར་པའི་འོག་གི་དགེ་སློབ་ཀྱི་བསམ་བློ་སློབ་གསོའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་གི་ཡོད། ང་ཚོས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ནང་དོན་སློབ་གྲྭའི་ཀུན་སྤྱོད་སློབ་ཚན་ནང་བཅུག་སྟེ་སློབ་ཆུང་སློབ་མར་མེས་རྒྱལ་ལ་དགའ་ཞེན་དང་། རྒྱལ་དར་ལ་བརྩི་འཇོག སྲོལ་རྒྱུན་གྱི་གོས་ལུགས། སྲོལ་རྒྱུན་གྱི་ཀུན་སྤྱོད། མི་རིགས་མཐུན་སྒྲིལ་བཅས་ཀྱི་སློབ་གསོ་གཏོང་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། “3·28བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”དང“བདུན་གཅིག” “རྒྱལ་སྟོན”སོགས་དུས་ཚོད་ཀྱི་མཚམས་ཚིགས་གལ་ཆེན་ལ“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་གཏོང་བའི”བྱེད་སྒོ་སྤེལ་བ་དང་། དུས་བཀག་ནང“ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན”བཅས་ཀྱི་བརྗོད་དོན་གཙོ་བོའི་འཛིན་ཚོགས་འཚོགས་ནས་སློབ་གྲྭའི་དགེ་སློབ་ཡོངས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོ་ཁྲིད་སྟོན་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་གྲུབ་པར་བྱས་ཡོད་ཅེས་གསུངས།

    “མི་རིགས་མཐུན་སྒྲིལ་ནི་རྒྱུན་གཏན་གྱི་ལས་དོན་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་ཁྲོད་དུ་མངོན་པས། གལ་ཏེ་བློ་གཅིག་སེམས་གཅིག་གིས་དོན་གཉེར་དང་སྲུང་སྐྱོང་བྱས་ཚེ། མི་རིགས་མཐུན་སྒྲིལ་ལ་གཡུར་ཟའི་འབྲས་བཟང་ཐོབ་སྲིད”དེ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དཀོན་མཆོག་ཆོས་སྒྲོན་གྱིས་ལོ་དེ་དག་ནང་གཞི་རིམ་དུ་མི་རིགས་མཐུན་སྒྲིལ་ལས་དོན་སྤེལ་བའི་ཉམས་མྱོང་ཟབ་ཤོས་ཤིག་རེད།

    རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་དཔེ་བཟང་གི་མི་སྒེར་གྱི་གཟེངས་བསྟོད་ཐོབ་མཁན་དཀོན་མཆོག་ཆོས་སྒྲོན་གྱིས《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་པ་དང་། ལྷག་དོན་དུ་རྩ་རི་ཤང་དུ་ལོག་རྗེས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཡུལ་མི་ཚང་མར་དྲིལ་བསྒྲགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་ཁོང་ཚོར་ཐུགས་ཁུར་གནང་གི་ཡོད་ལུགས་ཤེས་སུ་འཇུག་གི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།