གསར་འགོད་པར་བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་འཕྲལ་སྡོམ་མྱུར་སྐྱོབ་ཀྱི་ཀུན་སྤྱོད་གནམ་ཐང་ཐོག་མ་དེ་ཟླ་6པར་སྐྲུན་རྩིས་ཡོད་པ་དང་ཨར་སྐྲུན་གྱི་དུས་ཡུན་ཟླ་བ་22འགོར་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན། 2022ལོར་སྤྱོད་འགོ་ཚུགས་རྒྱུ་དང་། རགས་རྩིས་བྱས་ན། རྣམ་གྲངས་དེར་མ་དངུལ་སྒོར་དུང་ཕྱུར་4.756གཏོང་རྒྱུ་ཡིན་ཞིང་། དེ་ནི་བོད་ཀྱི་འཕྲལ་སྡོམ་མྱུར་སྐྱོབ་ཀྱི་ཀུན་སྤྱོད་གནམ་ཐང་ཐོག་མ་དེ་རེད།
བོད་ཀྱི་འཕྲལ་སྡོམ་མྱུར་སྐྱོབ་རྟེན་གཞི་ལྷ་སའི་ཀུན་སྤྱོད་གནམ་ཐང་དེ་ལྷ་ས་གྲོང་ཁྱེར་གྱི་སྟག་རྩེ་ཆུས་སུ་གནས་པ་དང་། དེ་ལྷ་ས་གྲོང་ཁྱེར་གྱི་ལྟེ་བ་དང་ཐད་ཀའི་བར་ཐག་སྤྱི་ལེ་15དང་གཞུང་ལམ་གྱི་བར་ཐག་སྤྱི་ལེ་20ཡོད། གནམ་ཐང་གི་སྤྱིའི་ས་ཁྱོན་མུའུ་771.43ཟིན་པའི་ཁྲོད་གནམ་གྲུ་འཕུར་སའི་ས་ཁྱོན་ལ་མུའུ་212ཟིན་གྱི་ཡོད།
རྣམ་གྲངས་དེའི་འགན་འཁུར་བས། འཕྲལ་སྡོམ་མྱུར་སྐྱོབ་ཀྱི་ཀུན་སྤྱོད་གནམ་ཐང་བསྐྲུན་པ་དེས་བོད་རང་སྐྱོང་ལྗོངས་ཀྱི་འཕྲལ་སྡོམ་མྱུར་སྐྱོབ་ཀྱི་ནུས་པ་ཆེ་རུ་འགྲོ་རྒྱུ་མ་ཟད། འཕྲལ་སྡོམ་མྱུར་སྐྱོབ་ས་ཚིགས་ཁག་གིས་ཐད་འཕུར་གནམ་གྲུ་བབ་བསྟུན་ངང་སྤྱོད་པའི་ཁྱད་ཆོས་དང་བསྟུན་ནས་གནོད་འཚེ་ཚབས་ཆེན་ཕོག་ཡུལ་ལ་འཕྲལ་སྡོམ་མྱུར་སྐྱོབ་དང་། མཁའ་ཐོག་ནས་སྐོར་གཡེང་ཞིབ་བཤེར། སྨན་བཅོས་རོགས་སྐྱོབ་སོགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ་དང་ཆབས་ཅིག སྤྱི་བདེ་དང་། དམངས་སྲིད། མེ་ཟོན་སོགས་སྡེ་ཚན་ནས་མི་བདམས་ཏེ་མཁའ་ཐོག་གི་ཀུན་སྤྱོད་འཕྲལ་སྡོམ་མྱུར་སྐྱོབ་རུ་ཁག་བཙུགས་ནས། མཁའ་ཐོག་ཀུན་སྤྱོད་འཕྲལ་སྡོམ་མྱུར་སྐྱོབ་རྟེན་གཞི་བཙུགས་པར་བརྟེན་ནས་དུས་བཀག་བཞིན་སྤེལ་རེས་དང་གསོ་སྦྱོང་བྱས་ཏེ། སྲིད་གཞུང་གི་འཕྲལ་སྡོམ་མྱུར་སྐྱོབ་འགན་ལེན་གྱི་ནུས་པ་ཆེ་རུ་འགྲོ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།