ཉེ་ཆར། སྣང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་རྫོང་ཁྲིམས་འཛིན་ཅུས་ཀྱིས་མཉམ་འབྲེལ་ཐོག་སྣང་རྫོང་གི་བུད་མེད་དང་བྱིས་པའི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ས་ཚུགས་བཙུགས་པ་རེད། སྣང་རྫོང་ཁྲིམས་འཛིན་ཅུས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་སུ་བཙུགས་པའི་ས་ཚུགས་དེ་ནི་ཆེད་ལས་བཅའ་ཁྲིམས་ཞབས་ཞུའི་སྒྲིག་གཞིའི་ཁྲོད་བུད་མེད་དང་བྱིས་པར་ཆེད་མངགས་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུ་མཁན་ཞིག་ཡིན་པས་བུད་མེད་དང་བྱིས་པར་བཅའ་ཁྲིམས་ཀྱིས་ཞབས་འདེགས་ཞུ་བའི“ཐོགས་མེད་ལམ”ཞིག་བཏོད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལས་དོན་ས་ཚུགས་ཀྱི་འགན་ནུས་གཙོ་བོ་ནི་རྒྱ་ཆེའི་བུད་མེད་དང་ན་སོ་དར་ལ་མ་བབས་པའི་མིར་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་ཀྱི་བློ་འདྲིའི་ཞབས་འདེགས་ཞུས་ཏེ། ཁྲིམས་སྐྱོང་སློབ་གསོ་དང་། བཅའ་ཁྲིམས་དྲིལ་བསྒྲགས། བཅའ་ཁྲིམས་བློ་འདྲི། བཅའ་ཁྲིམས་སྐོར་གྱི་ཡིག་ཆ་རིན་པ་མི་དགོས་པར་འབྲི་རོགས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། བུད་མེད་དང་ན་སོ་དར་ལ་མ་བབས་པའི་མིས་རིག་པ་དྭངས་གསལ་དང་ཁྲིམས་མཐུན་གྱི་སྒོ་ནས་བདེ་སྡུག་གོང་ཞུ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། འགལ་བ་དང་རྩོད་གཞིར་དུས་ཐོག་ཏུ་བར་འདུམ་བྱས་ནས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྔར་བས་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།