1959ལོའི་ཟླ་7པར་བོད་ཀྱི་ས་གཞི་ཆེ་མོར་དམངས་གཙོའི་བཅོས་སྒྱུར་གྱི་ཚ་རླབས་ལང་ལོང་དུ་འཕྱུར། བོད་རྙིང་པའི་སྡུག་བསྔལ་ལས་ཐར་བའི་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་ཚོའི་ཞིང་བྲན་ཚོ་མཉམ་དུ་འཛོམས་ཏེ་ཞུ་འབོད་ཚོགས་ཆེན་འཚོགས་ནས་སྡུག་རྩུབ་ཆེ་བའི་སྤྱི་ཚོགས་རྙིང་པའི་དཀའ་སྡུག་དྲངས། དེ་ཉིན་གུང་དཀར་གྲོང་ཚོའི་དུད་ཁྱིམ་བཅུ་གྲངས་ཕུད་ད་དུང་དེ་ནས་བར་ཐག་སྤྱི་ལེ་སུམ་ཅུ་བཞི་བཅུ་ཡི་སར་ཡོད་པའི་གྲོང་ཚོ་ཁག་གི་མི་500ལྷག་ཙམ་ཡང་དེ་གར་ཞུ་འབོད་བྱེད་པར་སླེབས་ཡོད། ཚོགས་ཆེན་ལ་ཞུགས་མཁན་ཡར་ལངས་ཞིང་བྲན་ཚོས་ཚོགས་རར་མིང་ལ“སྒྲོལ་མ་ཆོས་འཛོམས་ཁྱིམ་ཚང་གཅིག”ཅེས་པའི་དངོས་ཡོད་འཚོ་བ་གསོན་ཉམས་དོད་པོས་མཚོན་པའི་འཁྲབ་ཚན་ཞིག་བལྟས། དེ་ནི་གུང་དཀར་གྲོང་ཚོའི་ལོ་50ལྷག་ཙམ་ལ་སླེབས་པའི་ཡར་ལངས་ཞིང་བྲན་རྒན་མོ་སྒྲོལ་མ་ཆོས་འཛོམས་ཀྱི་ནང་མི་ཚོས་འཁྲབ་ལ་ཁོང་ཚོས་བརྒྱུད་པའི་འཚོ་བ་དངོས་ལ་གཞིགས་ནས་སྒྲིག་བཟོ་བྱས་པའི་གར་སྟེགས་ཟློས་གར་ཞིག་རེད། འཁྲབ་ཚན་འགོ་ཚུགས་མ་ཐག་དེའི་ནང་དོན་གྱིས་ལྟད་མོ་བ་ཚོའི་ཡིད་དབང་ཡོངས་སུ་འཕྲོག དེ་ཡང་ལོ་འགའ་ཞིག་གི་སྔོན་དུ་བྱུང་བའི་གནས་ཚུལ་ཞིག་སྟེ། ཞིང་བྲན་གྱི་ཁྱིམ་ཚང་དེས་ཚེ་གང་མངའ་བདག་ལ་ཁྲལ་འུ་ལག་རྒྱུག་པ་མ་ཟད། སྐྱེད་ལྕིའི་བུ་ལོན་གྱི་བཤུ་གཞོག་ཚད་མེད་འོག་སློང་མོ་བའི་འཚོ་བ་མ་སྐྱེལ་ཀ་མེད་བྱུང་། དེ་རྗེས་ཁོང་ཚོ་ཐབས་ཟད་འུ་ཐུག་གིས་ལྷོ་ཁ་གྲོང་ཁྱེར་ཕྱོགས་སུ་བྲོས་བྱོལ་ལ་ཕྱིན། སྟབས་མི་ལེགས་པ་ཞིག་ལ་བྲོས་པའི་ལམ་བར་དུ་མངའ་བདག་གིས་སླར་ཡང་བཟུང་ནས་ནང་མི་ཚང་མ་དགོན་སྡེའི་ནང་བཅུག་པ་དང་། ཉེས་རྡུང་ཚད་མེད་བཏང་བ་ལས་ཕ་རྒད་པོ་གྲོངས་པ་དང་ནང་མི་གཞན་དག་མུ་མཐུད་དཀའ་སྡུག་ཆེ་བའི་ཞིང་བྲན་གྱི་འཚོ་བ་བསྐྱལ། དེ་རྗེས་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ནང་མི་ཚོར་གཞི་ནས་རང་དབང་ཐོབ་ཡོད། གར་སྟེགས་ཟློས་གར་ནི་དངོས་ཡོད་འཚོ་བ་དང་ཧ་ཅང་ཐག་ཉེ་ལ་མི་སེམས་འགུལ་བ་ཞིག་ཡོད་ཅིང་། གར་སྟེགས་ཐོག་གི་སྡུག་སྐད་དང་ཞུ་འབོད་རེ་རེ་ལས་ལྟད་མོ་བ་ཚོར་སྐྱོ་སྣང་ཞིག་ངང་གིས་བྱུང་བ་དང་ཐ་ན་རང་དབང་མེད་པར་མིག་ཆུ་ཡང་ཤོར་གྱི་ཡོད། ཟློས་གར་འཁྲབ་རིང་མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་བྱེད་ས་ནི་བུ་མོ་རྒན་པ་འཁྲབ་མཁན་དེ་རེད། ཁོ་མོའི་གནད་ལ་འཁེལ་ཞིང་འཁྲབ་བཟོ་དོད་པའི་རྐང་ལག་གི་འདེགས་འཇོག་དང་སྡུག་འབོད་ཆེ་ཞིང་ཤོད་བཟོ་དོད་པའི་སྐད་ཆ་རེ་རེས་ལྟད་མོ་བ་ཚོའི་མིག་དབང་འཕྲོག་ཡོད། ལྷག་པར་དུ་ཁོང་གིས་ལྟོ་སློང་བ་དང་། ཉེས་རྡུང་ཚད་མེད་མྱོང་བ། མཐར་ཕུང་པོ་སྐྱེལ་བ་བཅས་འཁྲབ་ཀྱིན“ང་ཚོ་ཞིང་བྲན་གྱི་སྡུག་བསྔལ་ནི་རྒྱང་རིང་དུ་རྒྱུག་པའི་ལྷ་སའི་སྐྱིད་ཆུ་བཞིན་ནམ་ཡང་རྫོགས་དུས་མེད”ཅེས་ངུ་འབོད་བྱས་པ་ལས་ལྟད་མོ་བ་ཚོ་སེམས་སྡུག་ཆེན་པོ་བྱུང་ནས་མིག་ཟུང་མཆི་མས་བརླན་པ་དང་འགའ་རེ་མུ་མཐུད་ལྟ་མ་བཟོད་པར་རང་ཁྱིམ་དུ་ལོག་དགོས་བྱུང་། རྒན་མོ་སྒྲོལ་མ་ཆོས་འཛོམས་ཀྱང་ལྟད་མོ་ལྟ་གྱིན་སེམས་སྡུག་ཚད་མེད་བྱུང་ནས་དྲན་པ་འཐོར།
བུ་མོ་རྒན་པ་འཁྲབ་མཁན་དེ་སུ་ཡིན་ནམ། འཁྲབ་ཚན་དེ་རྩོམ་མཁན་སུ་ཡིན་ནམ། ད་བྱེད་དུས་དེ་དག་ཚང་མ་རྒན་མོ་སྒྲོལ་མ་ཆོས་འཛོམས་ཀྱི་བུ་མོ་རྒན་པ་བསམ་སྒུག་སྒྲོལ་མ་རང་ཉིད་ཀྱིས་འགན་འཁུར་བ་ཞིག་རེད། ཞུ་འབོད་ཚོགས་ཆེན་གྲོལ་རྗེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བསམ་སྒུག་སྒྲོལ་མར་བཅར་འདྲི་བྱེད་སྐབས་ཁོང་གིས། འཁྲབ་ཚན་དེ་ཐོག་མར་འགོ་འཛུགས་སྐབས་སྔོན་ཆད་ནང་མི་ཚོས་མྱངས་པའི་སྡུག་བསྔལ་དག་སེམས་ལ་འཁོར་ནས་སེམས་སྡུག་ཆེན་པོ་ཡོང་གི་འདུག་པས་འཁྲབ་ཁག་པོ་བྱུང་། འོན་ཀྱང་ཞིང་བྲན་བདག་པོས་ཞིང་བྲན་ལ་གཉའ་གནོན་དང་བཤུ་གཞོག་བཏང་བའི་དོན་དངོས་དམར་རྗེན་དུ་འདོན་ཆེད། གྲོང་ཚོའི་ནང་གི་གཞོན་ནུ་ཕོ་མོ་ཚོ་དང་མཉམ་དུ་འཁྲབ་ཚན་དེ་འཁྲབ་ཐུབ་པར་བྱས་པ་ཡིན་ཞེས་བཤད། དེ་ལྟར་གླེང་མོ་བྱེད་སྐབས་རྒན་མོ་སྒྲོལ་མ་ཆོས་འཛོམས་ཀྱང་གཞོགས་ཤིག་ཏུ་མིག་ཆུ་གཏོང་གིན་ང་ཚོ་ནང་མི་ཚོས་མྱངས་པའི་དཀའ་སྡུག་ནམ་མཁར་ཡང་ཤོང་དཀའ་བ་ཞིག་རེད། ང་ཚོ་བྲོས་བྱོལ་ལ་ཕྱིན་པའི་ལམ་བར་ནས་བཟུང་རྗེས་ཚང་མ་ཐག་པས་དམ་པོར་བཀྱིགས་ནས་ལྕག་ཚན་དང་རྒྱུག་པས་ཉེས་རྡུང་ཚད་མེད་གཟེད་དགོས་བྱུང་བས་ཤ་སྐམ་རུས་སྐམ་དུ་སོང་ཡོད་ལ། རྒད་པོའི་ལུས་པོ་ཡོངས་ལ་རྨ་ཡིས་ཁེངས་ནས་ཁྲག་རལ་འཛར་འཛར་བྱེད་ཀྱི་འདུག བུ་མོ་རྒན་པ་བསམ་སྒུག་སྒྲོལ་མས་ལོ་10ནས་བཟུང་མངའ་བདག་ལ་ཁྲལ་འུ་ལག་རྒྱུག་པ་མ་ཟད། གྲང་ངད་ཆེ་བའི་དགུན་དུས་སུའང་རྐང་རྗེན་མར་མངའ་བདག་གི་རྒྱབ་ཁུར་འཁྱེར་དགོས་པས་རྐང་པ་འཁྱགས་སྦོས་ཐེབས་ནས་ཁྲག་འཛར་ནའང་སྡུག་ལས་བྱེད་དགོས་ཀྱི་ཡོད། རྗེས་སུ་བཙན་ཤེད་ཀྱིས་ཞིང་བྲན་བདག་པོའི་གཡོག་མོ་བྱེད་དགོས་བྱུང་བ་མ་ཟད། ཁོ་ཚོའི་བརྙས་བཅོས་ཚད་མེད་མྱང་དགོས་བྱུང་བ་རེད། སྐབས་དེ་དུས་བུ་མོས་ལམ་ཟུར་དུ་ཡོད་པའི་མཆོད་རྟེན་ནམ་བསང་ཁུང་ནས་གཞན་གྱིས་ཕུལ་བའི་རྩམ་པ་ལྐོག་ཏུ་བརྐུས་ཏེ་ནང་མི་ཚོར་བགོ་བཤའ་རྒྱག་གི་ཡོད། དེ་ལྟར་ང་ཚོ་ནང་མི་ཚོ་ལྟོགས་ཤི་མ་ཐེབས་ཙམ་བྱུང་ཞེས་བཤད།
1963ལོའི་ཟླ་3པའི་ཟླ་འགོར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཡང་བསྐྱར་སྒྲོལ་མ་ཆོས་འཛོམས་ཀྱི་ནང་མི་ཚོར་བཅར་འདྲི་བྱེད་སྐབས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་4སོང་བ་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་བདེ་སྐྱིད་ཀྱི་འཚོ་བར་རོལ་འགོ་ཚུགས་ཡོད། བོད་ཀྱི་ལོ་གསར་ཚར་མ་ཐག་སྤྲོ་སྣང་ལྡན་པའི་གུང་དཀར་གྲོང་ཚོའི་གྲོང་མི་རྣམས་སྤྱི་ལེ་བཅུ་ཡི་སར་ཡོད་པའི་རྫོང་མི་དམངས་སྲིད་གཞུང་གནས་སར་མལ་གྲོ་གུང་དཀར་རྫོང་གི་སྐབས་དང་པོའི་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་ལྟ་བར་སླེབས། འཁྲབ་སྟོན་བྱ་ཡུལ་དུ་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། རོགས་རེས་ཚོགས་ཆུང་གི་ཚོགས་མི་ཚོས་གནས་སྐབས་བཙུགས་པའི་ལྕགས་ཐབ་ནས་དུ་བ་ལང་ལོང་དུ་འཕྱུར་བཞིན་ཐབ་ཀྱི་འགྲམ་དུ་རྩམ་པ་སོགས་བཟའ་བཅའ་སྣ་ཚོགས་སྤུངས་ཡོད། མི་རྣམས་ཀྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཤིང་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར། འཁྲབ་སྟོན་ནང་ལྷ་མོ་ཡོད་ལ་གླུ་གར་ཡང་ཡོད། གུང་ཁྲན་ཏང་ལ་བསྟོད་གླུ་འབུལ་བ་དང་། མའོ་ཀྲུའུ་ཞིར་བསྟོད་གླུ་འབུལ་བ། བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་བསྟོད་གླུ་འབུལ་བ་བཅས་ཀྱི་ནང་དོན་ཚུད་པའི་ལེ་ཚན་90ལྷག་ཙམ་ཚང་མ་མང་ཚོགས་ཀྱིས་རང་རྩོམ་རང་འཁྲབ་བྱས་པ་ཤ་སྟག་ཡིན་ཞིང་། དེ་དག་ཁྲོད“སྒྲོལ་མ་ཆོས་འཛོམས་ཁྱིམ་གྱི་འཚོ་བ་གསར་པ”ཞེས་པའི་ལེ་ཚན་གཅིག་ཡོད་པ་དང་། དེའི་ནང་གི་བུ་མོ་འཁྲབ་མཁན་དེ་སྔར་རྒྱུན་བཞིན་རྒན་མོ་སྒྲོལ་མ་ཆོས་འཛོམས་ཀྱི་བུ་མོ་རྒན་པ་བསམ་སྒུག་སྒྲོལ་མ་རེད། འཁྲབ་སྟོན་བྱེད་རིང་འཁྲབ་སྟོན་པ་དང་ལྟད་མོ་བ་ཚང་མ་སྔར་བཞིན་རང་དབང་མེད་པར་སྐྱོ་བའི་མིག་ཆུ་ཤོར་ལ་ངུ་འབོད་ཀྱང་བྱེད་ཀྱི་ཡོད། འོན་ཀྱང་ད་ཐེངས་ནི་བདེ་སྐྱིད་ལྡན་པའི་མིག་ཆུ་རེད་ལ་གུང་ཁྲན་ཏང་དང་མའོ་ཀྲུའུ་ཞིའི་བཀའ་དྲིན་རྗེས་དྲན་བྱེད་པའི་སྐད་སྒྲའང་རེད།
དམངས་གཙོའི་བཅོས་སྒྱུར་བྱས་རྗེས་སྒྲོལ་མ་ཆོས་འཛོམས་ནང་མི་ཚོར་ས་ཞིང་མུའུ་24དང་། ཁང་པ་ཆ་ཚང་གཅིག ནོར་ལུག་སོགས་བགོ་བཤའ་བརྒྱབ་པས་འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་ལེགས་སུ་སོང་ཡོད། ད་ཆ་བུ་མོ་རྒན་པ་བསམ་སྒུག་སྒྲོལ་མ་ཞིང་པའི་མཐུན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཡིན་པས་ཤང་གཅིག་གི་ལས་དོན་གྱི་འགན་ཁུར་གྱི་ཡོད་པ་དང་། ལོ་གཉིས་ཀྱི་གོང་གཉེན་སྒྲིག་བྱས་ནས་ཕྲུ་གུ་གཅིག་ཀྱང་ཡོད། བུ་མོ་གཞོན་པ་པེ་ཅིང་གི་ལས་བྱེད་པའི་སློབ་གྲྭ་ཞིག་ཏུ་སློབ་སྦྱོང་བྱེད་བཞིན་ཡོད། གསར་འགོད་པས་བསམ་སྒུག་སྒྲོལ་མར་ལོ་བཞི་ཡི་གོང་འཁྲབ་སྟོན་བྱས་པའི་སྐོར་འདྲི་སྐབས། ཁོང་གིས“ལོ་བཞི་ཡི་གོང་དང་ད་ཆ་འཁྲབ་པའི་འཁྲབ་ཚན་གཉིས་པོ་དུས་ཚོད་མི་འདྲ་ལ་སེམས་པའང་འདྲ་ཡི་མེད། སྔོན་ཆད་འཁྲབ་པ་ནི་དཀའ་བ་དང་སྡུག་བསྔལ་མཉམ་བསྲེས་ཀྱི་སྐྱོ་གར་ཞིག་ཡིན་པས་ང་རང་ཙམ་མ་ཟད་ཚང་མ་སྐྱིད་པོ་མེད། འོན་ཏེ་ད་ཆ་འཁྲབ་པ་ནི་སྤྲོ་སྣང་བདེ་སྐྱིད་ལྡན་པའི་སྤྲོ་གར་ཞིག་ཡིན་པས་ང་རང་སྐྱིད་པོ་འདུག་ལ་ཚང་མའང་སྐྱིད་པོ་ཡོད”ཅེས་ཤོད་ཀྱིན་མགྲིན་པ་བརྣངས་ཤིང་མུ་མཐུད“སྔོན་ཆད་དུས་ཆེན་དང་ལོངས་སྤྱོད་ཚང་མ་སྐུ་དྲག་ལ་དབང་བ་ཞིག་རེད། འོན་ཏེ་ད་ཆ་ང་ཚོ་ངལ་རྩོལ་མི་དམངས་ལའང་རང་ཉིད་ཀྱི་དུས་ཆེན་དང་སྤྲོ་སྣང་ལོངས་སུ་སྤྱོད་རྒྱུ་ཡོད་པས་དེ་དག་ཚང་མ་ཏང་གི་བཀའ་དྲིན་ཡིན”ཞེས་བཤད།