དབུ་ཤོག>གསར་འགྱུར།
  • པེ་ཅིང་དང་བོད་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཡར་ལངས་ཞིང་བྲན་སྐྱོབ་བཅོས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-17

    1960ལོའི་ཟླ་2པའི་དཔྱིད་ཀ་ཤར་མ་ཐག་པའི་ཞོགས་པ་ཞིག་ལ་བོད་ལྗོངས་ལྷ་ས་འདམ་གཞུང་གནམ་ཐང་དུ་མྱུར་སྐྱོབ་རླངས་འཁོར་ཞིག་མྱུར་དུ་སླེབས་པ་དང་རླངས་འཁོར་ནས་རྨས་སྐྱོན་ཚབས་ཆེན་ཕོག་པའི་ནད་པ་ཞིག་བབ་ནས་གནམ་གྲུ་བརྒྱུད་རྒྱལ་ས་པེ་ཅིང་དུ་སྨན་བཅོས་བྱེད་པར་བསྐྱལ།

    ནད་པ་དེ་ནི་ལོ་46ལ་སླེབས་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་དཔལ་འབྱོར་ཆོས་རྒྱལ་ཡིན་ཞིང་། 1959ལོར་བོད་དུ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། སྔོན་ཆད་བྲན་གཡོག་ཡིན་པའི་ཁོང་ལ་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རང་ཉིད་ཀྱི་བདག་པོར་གྱུར་པ་རེད། ཁོང་ཚོ་ནང་མི་དགུ་སྡོད་ཁང་གསར་པར་སྤོས་པ་དང་། རང་ཉིད་ལ་དབང་བའི་ས་ཞིང་དང་ནོར་ལུག་ཐོག་མར་བྱུང་བ་མ་ཟད། ཕྲུ་གུ་གསུམ་པོ་ཡང་སློབ་གྲྭར་བཏང་བ་རེད། སེམས་གཏིང་ནས་དགའ་ཚོར་ཆེན་པོ་བྱུང་བའི་དཔལ་འབྱོར་ཆོས་རྒྱལ་གྱིས་ཐོན་སྐྱེད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པའི་འགན་ཁུར་ཏེ་གྲོང་མི་ཚོའི་སྣེ་ཁྲིད་ནས་ངོ་ལོག་ཟིང་འཁྲུག་སློང་མཁན་ལྷག་རོ་དང་འཐབ་རྩོད་ཀྱིས་ཡར་ལངས་ཀྱི་རྒྱལ་ཁའི་གྲུབ་འབྲས་བསྲུངས། 1960ལོའི་ཟླ་1པོར་དཔལ་འབྱོར་ཆོས་རྒྱལ་ལ་ངོ་ལོག་ཟིང་འཁྲུག་པའི་འཇབ་རྒོལ་ཕོག་སྟེ་མིད་པའི་ཨ་ཕྲུམ་གྲིས་བཅད་ནས་སྲོག་ཉེན་ཆེན་པོ་ཕྲད། རྫོང་ཨུད་ལས་དོན་ཚོགས་ཆུང་གི་བློ་མཐུན་ཚོས་གནས་ཚུལ་ཐོས་རྗེས་འཕྲལ་དུ་མྱུར་སྐྱོབ་ལ་ཡོང་བ་དང་། རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ལགས་སྐུ་ངོ་མས་རླངས་འཁོར་བཏང་སྟེ་དཔལ་འབྱོར་ཆོས་རྒྱལ་རྩེད་ཐང་བཅིངས་འགྲོལ་དམག་སྨན་ཁང་དུ་བསྐྱལ། “ཁོང་ངེས་པར་དུ་སྐྱོབ་དགོས། ཁོང་ངེས་པར་དུ་སྐྱོབ་དགོས”ཉིན་མཚན་བལྟོས་མེད་མྱུར་སྐྱོབ་བྱས་པ་བརྒྱུད་ཉིན་གསུམ་པར་ཁོང་གཞི་ནས་དྲན་པ་གསོས་པ་དང་ཉིན་དྲུག་པར་སྐད་ཆ་ཤོད་ཐུབ་ཙམ་བྱུང་རྗེས། མྱུར་དུ་ལྷ་ས་མི་དམངས་བཅིངས་འགྲོལ་དམག་སྨན་ཁང་དུ་བསྐྱལ། སྨན་ཁང་གི་ཏང་ཙུས་བོད་ཀྱི་སྨན་བཅོས་ཆ་རྐྱེན་ཞན་པ་དང་ཁོང་གི་ཚེ་སྲོག་ལ་སྔར་བཞིན་ཉེན་ཁ་ཡོད་པའི་ངོས་འཛིན་བྱས། དཔལ་འབྱོར་ཆོས་རྒྱལ་གྱི་ཚེ་སྲོག་སྐྱོབ་ཆེད་གོང་རིམ་གྱིས་ཆོག་མཆན་གནང་བ་བརྒྱུད་འཕྲལ་དུ་གནམ་གྲུར་བསྡད་དེ་པེ་ཅིང་དུ་མྱུར་སྐྱོབ་བྱེད་པར་སྐྱེལ་བའི་ཐག་བཅད།

    སྨན་ཁང་གི་ཡོན་ཀྲང་གིས་དཔལ་འབྱོར་ཆོས་རྒྱལ་ལ“སང་ཉིན་པེ་ཅིང་དུ་སྨན་བཅོས་བྱེད་པར་འགྲོ་དགོས་པས་ཁྱེད་ལ་བསམ་འཆར་གང་ཡོད་དམ”ཞེས་འདྲི་སྐབས། ཁོང་གིས་མགོ་བོ་ལྕོག་ལྕོག་བྱེད་པ་དང་མིག་ལ་མཆི་བཞག་འཁོར་བཞིན་ངག་ལྡབ་ལྡིབ་ཏུ་ཡོན་ཀྲང་ལ“ང་པེ་ཅིང་དུ་སྨན་བཅོས་བྱེད་པར་འགྲོ་བསམ་པ་གཉིད་ལམ་ལའང་འཁོར་མ་མྱོང་། པེ་ཅིང་ནི་ཅི་འདྲའི་ཐག་རིང་བའི་ས་ཆ་ཞིག་རེད་ཨང་། ང་ནི་ཡར་ལངས་བཅིངས་འགྲོལ་ཐོབ་མ་ཐག་གི་བྲན་གཡོག་ཅིག་ཡིན་ཞིང་། སྔར་སོང་གི་ལོ་བཞི་བཅུ་ཞེ་ལྔའི་རིང་མི་རྣམས་ཀྱིས་ང་ལ‘ནག་རིལ’ཞེས་འབོད་ཀྱི་ཡོད། ད་ཆ་གུང་ཁྲན་ཏང་དང་མའོ་ཀྲུའུ་ཞིས་ང་བསྐྱབས་པ་མ་ཟད། རང་མིང་ཐོབ་ནས་ལོ་གཅིག་ལས་མ་སོང་བར་རྒྱལ་ས་པེ་ཅིང་དང་མའོ་ཀྲུའུ་ཞིའི་བཞུགས་གནས་སུ་འགྲོ་བའི་གོ་སྐབས་ཡག་པོ་འདི་འདྲ་ཡོང་བསམ་པ་མ་བྱུང”ཞེས་བརྗོད།

    ཟླ་2ཚེས་25ཉིན་དཔལ་འབྱོར་ཆོས་རྒྱལ་པེ་ཅིང་དུ་འབྱོར་ཞིང་། གནམ་གྲུ་ནས་འབབ་སྐབས་ཁོང་གི་མིག་ལ་མཆི་བཞག་འཁོར་ཏེ་མིད་པའི་ན་ཟུག་ཀྱང་བརྗེད་ནས་སེམས་འགུལ་ཆེན་པོས“མའོ་ཀྲུའུ་ཞི་ཁྲི་ལོར་བརྟན་པར་ཤོག གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག”ཅེས་དགའ་འབོད་བྱེད་པ་དང་དེ་རྗེས་ཁོང་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ། སྨན་ཁང་ཡོངས་ཀྱི་སྨན་དོན་མི་སྣ་དང་ནད་པ་ཚང་མས་ཁོང་ལ་སེམས་ཁུར་ཧ་ཅང་ཆེན་པོ་བྱེད་ཅིང་། སྨན་བཅོས་བྱེད་བཞིན་པའི་ཀྲུང་ཞའོ་དམག་དཔོན་ཐའོ་ཧྲི་ལིན་གྱིས་རང་འགུལ་ངང་རང་ཉིད་ཀྱི་ཉི་འོད་ཡག་པའི་ཉལ་ཁང་དེ་ཁོང་ལ་སྤྲད་པ་དང་། འཚོ་བཅུད་ཁང་གི་ལས་དོན་མི་སྣས་པེ་ཅིང་གྲོང་ཁྱེར་ཡོངས་བསྐོར་ནས་ཁོང་ལ་ཇ་བསྲུབས་མ་ཉོས་པ། ཤིང་བཟོ་བས་ཉིན་དེ་རང་ལ“མགོ་སྒྲོམ”ཞིག་བཟོས་ནས་ཁོང་ཉལ་བདེ་བར་བྱས་པ། དབང་པོ་ལྔའི་ནད་ཚན་ཁག་གི་སྨན་པ་དང་སྨན་གཡོག་ཚོས་ཁོང་ལ་དག་རྫས་དང་། ཨ་ཅོར། གྱོན་ཆས་སོགས་བསྐྱལ་བ་རེད། ཡོན་ཀྲང་དང་ཆབ་སྲིད་ཨུ་ཡོན་གྱིས་ཁོང་ལ་ལྟ་བར་ཡོང་སྐབས“བློ་མཐུན་དཔལ་འབྱོར་ཆོས་རྒྱལ་ལགས། ཁྱེད་པེ་ཅིང་དུ་སླེབས་པས་པེ་ཅིང་ནི་ཁྱེད་ཀྱི་ཁྱིམ་རེད”ཅེས་བརྗོད་པ་མ་ཟད། ཁོང་གི་གཤགས་བཅོས་ཀྱང་བདེ་བླག་བྱུང་བ་རེད། སྨན་པ་དང་སྨན་གཡོག་ཚོས་ཉིན་ལྟར་ཁོང་གི་གམ་དུ་ཡོང་ནས་ནད་སྐྱོང་སྨན་བཅོས་ཞིབ་ཚགས་བྱས་པ་དང་། དུས་ཐོག་ཏུ་ཁོང་ལ་ཁྲག་དང་སྨན་ཆུ་བླུགས་པ་མ་ཟད། བཙོག་གཅིན་ཡང་བཤོ་རོགས་བྱེད་ཀྱི་ཡོད་པས་ཉིན་20ལྷག་ཙམ་སྨན་བཅོས་བྱས་པ་བརྒྱུད་ཁོང་གི་ནད་གཞི་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པ་རེད། སྨན་ཁང་ནས་ཁ་འབྲལ་སྐབས་སྨན་དོན་མི་སྣས་གཅིག་རྗེས་གཉིས་མཐུད་ངང་ཁོང་ལ་ལག་རྟགས་སྤྲད་པ་དང་། མི་ཞིག་གིས་མའོ་ཀྲུའུ་ཞིའི་སྐུ་པར་ཞིག་ལག་རྟགས་སུ་སྤྲོད་སྐབས། ཁོང་གིས་ལག་གཉིས་ཀྱིས་བླངས་པ་མ་ཟད། མགོ་བོའི་ཐོག་ཏུ་བཞག་ནས་ཐལ་མོ་སྦྱར་བ་དང་མིག་ནས་མཆི་བཞག་འཁོར་བཞིན“སྤྱི་ཚོགས་རྙིང་པར་བདེ་བ་ཅན་གྱི་ཞིང་ཁམས་སྐྱིད་པོ་ཡོད་ལུགས་ཤོད་ཀྱི་ཡོད། འོན་ཀྱང་ངས་དེ་མཐོང་མ་མྱོང་། སྔོན་ཆད་སངས་རྒྱས་ནི་བྱམས་སེམས་ཆེ་ཤོས་རེད་ཅེས་ཐོས་བྱུང་། འོན་ཀྱང་ངའི་ཕ་མ་གཉིས་ནི་ནད་ཀྱིས་མནར་ནས་གྲོངས་སོང་། མའོ་ཀྲུའུ་ཞི་དང་གུང་ཁྲན་ཏང་གིས་ང་ལ་ས་ཞིང་དང་། སྡོད་ཁང་། ནོར་ལུག་བཅས་གནང་ནས་རང་ཁྱིམ་རང་བདག་བྱུང་བ་མ་ཟད། ཚེ་སྲོག་གཉིས་པའང་གནང་བྱུང་། ང་ཚོ་བོད་རིགས་མི་དམངས་ཚོ་དངོས་གནས་མི་ཡུལ་གྱི་བདེ་བ་ཅན་གྱི་ཞིང་ཁམས་སུ་འཚོ་བ་སྐྱེལ་བཞིན་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།