དབུ་ཤོག>གསར་འགྱུར།
  • མཐུན་སྒྲིལ་ཞི་མཐུན་གྱི་ཁྱིམ་གཞིས་གསར་པ་མཉམ་དུ་བསྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-11

    འཕེལ་རྒྱས་གཏོང་རྒྱུ་ནི་ང་ཚོ་མི་རིགས་ས་ཁུལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་སྤྱིའི་ལྡེ་མིག་ལྟ་བུ་ཡིན་པ་དང་དེ་ནི་ལོ་རྒྱུས་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོས་དཔང་པོ་གང་ལེགས་བྱས་ཡོད།

    བོད་ཀྱི་ལོ་ངོ་60ལྷག་ཙམ་གྱི་འགྱུར་ལྡོག་ཧ་ཅང་ཆེན་པོ་ནི་རང་རེའི་ཏང་གིས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་འཁྲིད་དེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་པ་ལས་བྱུང་བ་ཞིག་རེད།

    བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ནི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དང་ཁ་འབྲལ་ཐབས་མེད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་དུ་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བར་ལོ་རྒྱུས་ཀྱི་མཆོང་སྐྱོད་བྱུང་བ་དང་མི་རིགས་ཁག་གི་མི་དམངས་ཀྱིས་ལུས་ཐོག་གི་ལོ་ངོ་སྟོང་གི་ལྕགས་སྒྲོག་གཏོར་ནས་དམངས་གཙོ་དང་། རང་དབང་། འདྲ་མཉམ་བཅས་བྱུང་ཡོད། 1965ལོར་ཏང་གི་འགོ་ཁྲིད་འོག་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནང་དོན་གཙོ་བོར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་པ་བཙུགས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་རྒྱལ་ཡོངས་མི་དམངས་དང་འདྲ་བར་སྔར་བྱུང་མྱོང་མེད་པའི་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་ཡོད།

    སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཏང་གི་མི་རིགས་ལས་དོན་གྱི་གཙོ་གནད་དེ་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུར་བསྒྱུར་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་པ་སྲ་བརྟན་དང་འཕེལ་རྒྱས་བཏང་བ་དང་དུས་སྐབས་གསར་པར་མི་རིགས་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་གཏོད་འགོ་ཚུགས་ཡོད། ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་6འཚོགས་ཏེ་བོད་ཀྱི་འཕེལ་རྒྱས་ཀྱི་གནད་དོན་ལ་ཆེད་དོན་ཞིབ་འཇུག་གནང་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཡུག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་ལྟར་རེས་མོས་བཅས་ཀྱི་བོད་སྐྱོར་བྱེད་སྟངས་གསལ་པོ་བཟོས་ཏེ་བོད་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་དང་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐབས་ཇུས་འགངས་ཆེན་བཏོན་པ་དེ་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་ལམ་ཚད་རྡོ་རིང་དང་པོ་དེར་གྱུར་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཏེ་རྒྱལ་ཁབ་ཕྱི་ནང་གི་སྤྱི་ཡོངས་གཉིས་ནས་འགོ་བརྩམས་ཏེ་རང་རེའི་ཏང་གིས་བོད་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་བསམ་བློའི་རིགས་པའི་གཞུང་ལུགས་ཕྱོགས་སྡོམ་དང་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་བཏོན་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་རེད།

    མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་འདོད་བྱེད་པ་དེ་ཏང་གི་འབད་འཐབ་དམིགས་ཚད་ཡིན།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལམ་ཆེན་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ཡོད།

    2019ལོ་བར་བོད་ཀྱིས་ལོ་མང་བསྟུད་མར་མྱུར་ཚད་མགྱོགས་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་པ་སྟེ།

    — ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1600ལྷག་ཙམ་ཟིན་ནས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་།

    — རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་ཞིང་ཆེན་རིམ་པའི་ས་ཁུལ་དབུལ་པོ་འབའ་ཞིག་ཡིན་པའི་ངོས་ནས་ལྗོངས་ཡོངས་ཀྱི་རྫོང(ཆུས)དབུལ་པོ་ཚང་མ་དབུལ་ཞྭ་ཕུད་པ་དང་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་ལྷག་མེད་ཅིང་། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་ཉེར་ཡོད་པ།

    — གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་མང་བསྟུད་མར་བརྒྱ་ཆ་བཅུ་ཡན་གྱི་མྱུར་ཚད་ཐོག་ནས་འཕར་ཏེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། གྲོང་མིའི་འཛད་སྤྱོད་རིན་ཐང་འཕར་ཚད་2.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ། དེང་རབས་སློབ་གསོས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་བཏགས་ཏེ་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱ་རྒྱུ་ཐེངས་དང་པོ་མངོན་འགྱུར་བྱུང་བ། འཕྲོད་བསྟེན་བདེ་ཐང་བྱ་གཞག་སྔར་བས་འཕེལ་རྒྱས་ཕྱིན་ནས་མི་རེའི་ཆ་སྙོམས་ཚེ་ཚད་ལོ་70.6བར་རིང་དུ་ཕྱིན་པ།

    — སྣོད་བཅུད་ཀྱི་དམར་ཐིག་དབྱེ་མཚམས་གཏན་འཁེལ་རགས་ཙམ་བྱས་ཏེ་ལྗོངས་ཡོངས་ཀྱི་ས་ཁོངས་45%སྲུང་སྐྱོང་ནན་ཤོས་བྱེད་པའི་ཁྱབ་ཁོངས་ནང་བཅུག་པ་དང་། འཛམ་གླིང་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག ས་གོ་ལའི་སྣེ་མོ་གསུམ་པ་བཅས་སྔར་བཞིན་བརྗིད་ཆགས་མཛེས་སྡུག་ལྡན་པ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོད་པས་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ་ལ་སོགས་རེད།

    2020ལོའི་ལོ་འགོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན་བོད་དུའང་ཕྱི་ནས་ཡོང་བའི་གཏན་འཁེལ་བའི་ནད་དཔེ་ཞིག་ཐོན་ཞིང་། ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་དང་སྨན་དོན་མི་སྣས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་མི་དམངས་ཀྱི་དམག་འཁྲུག་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་པ་དང་མི་རིགས་ཁག་གི་མི་དམངས་ལའང་དེའི་ཁྲོད་ནས་གཏིང་ཟབ་ལ་གསོན་ཉམས་དོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་ཐེབས་ཏེ“གདེང་ཚོད་བཞི”དེ་བས་བརྟན་དུ་སོང་ཡོད།

    གངས་ལྗོངས་ས་མཐོར་རིམས་ནད་མཆེད་རྒྱུ་གཏན་འགོག་བྱེད་པ་དང་དུས་མཚུངས་བོད་ཀྱིས་སྨན་དོན་མི་སྣ་མངགས་ནས་ཧུའུ་པེར་རོགས་སྐྱོར་བྱས་པ་དང་གཞུང་ལམ་དང་། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་བརྒྱུད་ཚགས་ཤ་དང་། གཏེར་ཆུ། བོད་ཕག་གི་ཤ་སོགས་ས་མཐོའི་ཁྱད་ཆོས་ལྡན་པའི་དངོས་རྫས་འབོར་ཆེན་ཞིག་ཧུའུ་པེར་དབོར་ནས་ཧུའུ་པེའི་མི་དམངས་ལ་རིམས་འགོག་བྱེད་རོགས་བྱས་པ་རེད།

    ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པ་ལས་བོད་དང་ཧུའུ་པེ་ས་གནས་གཉིས་ཀྱི་མི་དམངས་དབར་གྱི་བརྩེ་སེམས་ཟབ་མོ་མཚོན་ཞིང་། བསྡོམས་རྩིས་བྱས་པར་གཞིགས་ན། ཧུའུ་པེས་བོད་ལྗོངས་ལྷོ་ཁར་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་25སོང་རིང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་19.7བཏང་བ་དང་རིགས་ཁག་གི་རྣམ་གྲངས་480སྐྲུན་རོགས་བྱས་པ་ལས་ཞིང་འབྲོག་པ་འབོར་ཆེན་ཞིག་དབུལ་སྒྲོལ་ཐུབ་པ་རེད།

    འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཁྲོད་མི་རིགས་རིག་གནས་འཕེལ་རྒྱས་ཕྱིན་ཡོད།

    ལྷ་ས་སྐྱིད་ཆུའི་ངོགས་དང་བུམ་པ་རི་གཤམ་གྱི་ཚེ་མཆོག་གླིང་གྲོང་ཚོར་གྱང་དཀར་ཐོག་དམར་གྱི་བོད་བཟོའི་ཁང་བཟང་སྟར་པ་མང་པོ་བསྐྲུན་པ་དང་སྐྱིད་ཆུས་བར་ཆོད་པའི་ཕོ་བྲང་པོ་ཏ་ལའི་ཁ་གཏད་དུ་ཆགས་ཡོད།

    2012ལོ་ནས་བཟུང་ཚེ་མཆོག་གླིང་དུ་བོད་ཀྱི་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་ཆགས་པ་དང་ཚོང་འགུགས་མ་འདྲེན་སོགས་ཐབས་ལམ་བརྒྱུད་ནང་སའི་གྲགས་ཅན་རིག་གནས་ཡུལ་སྐོར་ཁེ་ལས་ནང་འདྲེན་བྱས་ཤིང་། ད་ཆ་གླིང་དེར་ཝུན་ཤིང་ཀོང་ཇོའི་ཟློས་གར་འཁྲབ་ཡུལ་དང་། ཚེ་མཆོག་གླིང་གི་བོད་རིགས་སྒོ་རའི་སྲོལ་རྒྱུན་ཁྲོམ་གཞུང་། སྲོང་བཙན་གླིང་ལྷ་སའི་ཨར་ཁང་། ལྷ་ས་གངས་རྒོད་མཁའ་འགྲུལ་རིག་གནས་ཞབས་ཞུ་ལྟེ་གནས་སོགས་རྣམ་གྲངས་བསྐྲུན་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱིས་རིག་གནས་ཐོན་ཁུངས་ལ་སྲུང་སྐྱོང་དང་གསར་སྤེལ་བྱ་རྒྱུར་གཞི་ཚུགས་ཏེ་སྲོལ་རྒྱུན་གྱི་རིག་གནས་ཁྲོད་བསམ་བཀོད་ཀྱིས་ཕྱུག་པའི་དར་སོ་ཆེ་བའི་གཞི་རྒྱུ་མཉམ་འདྲེས་བྱས་པས་རིག་གནས་ཐོན་ལས་ལ་དཔྱིད་དཔལ་བཞད་པ་ལྟར་གྱི་རྣམ་པ་བཟང་པོ་མངོན་ཡོད། བོད་ཀྱི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་ཟོག་ཡིན་པའི་ལྷ་མོ་དང་། བོད་རུམ། ཐང་ག་སོགས་བོད་ཀྱི་མིང་བྱང་ལ་གྱུར་བ་དང་མིག་སྔར་ལྗོངས་ཡོངས་ཀྱིས་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བྱེད་པའི་རྨང་གཞིའི་ཐོག་སྒྱུ་རྩལ་རིམ་སྤོར་དང་། མ་དངུལ་གྱི་རོགས་སྐྱོར། སྲིད་ཇུས་ཀྱི་ཁྲིད་སྟོན་སོགས་བྱེད་ཐབས་ཟམ་མི་ཆད་པར་ཤུགས་ཆེར་བཏང་ཐོག་བོད་ཀྱི་རིག་གནས་ཐོན་ལས་ཕྱིར་འདོན་པ་དང་ནང་འདྲེན་བྱ་རྒྱུར་རམ་འདེགས་བྱེད་བཞིན་ཡོད་པ་རེད།

    ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་བོད་ཀྱི་རིག་གནས་ཐོན་ལས་ཅན་གྱི་ལམ་བུའི་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་རྒྱ་ཆེར་འགྲོ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།