ཀུན་སེམས་གཅིག་མཐུན་གྱིས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།
ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་ཤར་མར་ཡོད་པའི་བོད་ལྗོངས་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་ཀྱི་འཛུགས་སྐྲུན་རྣམ་གྲངས་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་སྒེར་སེམས་མེད་པའི་རོགས་རམ་འོག་རང་ལྗོངས་ཀྱི་མི་དམངས་མང་ཚོགས་ལ་ཕན་འདོགས་པའི་གཙོ་གནད་རྣམ་གྲངས་གཞན་ཞིག་ཡིན་ཞིང་། རྣམ་གྲངས་དེའི་ཨར་ལས་དཔུང་ཁག་ནང་། ནང་ས་ནས་ཡོང་བའི་ལས་མི་ཡོད་ལ། ས་གནས་དེ་རང་གི་ཞིང་འབྲོག་ལས་མི་ཡང་མི་ཉུང་བ་ཞིག་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་ནས་ཡིན་པའི་པ་སངས་ལས་ཡུལ་དུ་ལས་ཀ་བྱས་ནས་ལོ་གཅིག་ལྷག་ཙམ་སོང་ཞིང་། ཐོག་མར་ལག་གཡོག་ཅིག་ནས་ད་ཆ་ཚོགས་ཆུང་གི་ཙུའུ་ཀྲང་ལ་གྱུར་ཡོད་པ་དང་། ཡོང་འབབ་ཀྱང་ལོ་རེ་བཞིན་མང་དུ་ཕྱིན་ཡོད། “ཨར་ལས་རུ་ཁག་དེར་ཕྱོགས་བཞི་མཚམས་བརྒྱད་ཀྱི་ལས་མི་མང་པོ་ཡོད། ལས་གྲྭའི་འགོ་ཁྲིད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་མཐོང་ཆེན་བྱེད་ཀྱི་ཡོད་ལ། ལས་རོགས་ཚོས་ཀྱང་ཕན་ཚུན་མཐུན་སྒྲིལ་བྱ་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། རྒྱུན་དུ་མི་རིགས་ཀྱི་དབྱེ་བ་མེད་པར་ཕན་ཚུན་རོགས་རམ་བྱེད་པ་དང་། ང་ཡང་རྒྱ་རིགས་སྤུན་ཟླ་དང་མཉམ་དུ་ལས་ཀ་བྱས་ན་ལག་རྩལ་ཤེས་ནས། ཡོང་འབབ་མང་དུ་འགྲོ་གི་འདུག”ཅེས་པ་སངས་ཀྱིས་བརྗོད།
ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ལྡན་པའི་པང་དུ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས། རང་འཁྲིའི་ལས་གནས་ཐོག་མི་རིགས་མཐུན་སྒྲིལ་ནི། ཚེ་སྲོག་དང་བདེ་སྐྱིད་ཀྱི་འབྱུང་རྩར་བརྩིས་ཏེ་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བ་བྱས་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད།
ཏང་ཀྲུང་དབྱང་གི་ཐུགས་སུ་བོད་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་བཅངས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། བོད་ཀྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”རྣམ་བཤད་གལ་ཆེན་བཏོན་གནང་ཡོད། སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་སྟེ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་དགོས”ཞེས་མཛུབ་སྟོན་གལ་ཆེན་གནང་ཡོད། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་འཕྲིན་ལན་སྤྲིངས་ནས་བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན་ཞིག་བྱེད་དགོས”ཞེས་བླང་བྱ་བཏོན་གནང་ཡོད། 2019ལོའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་རྒྱུ་གཙོ་བོར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱེད་དགོས”ཞེས་གསུངས་ཡོད།
སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་འགོ་ཁྲིད་མེད་ན། མི་རིགས་མང་བའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་གཅིག་གྱུར་མངོན་འགྱུར་བྱེད་ཐབས་བྲལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་མི་རིགས་ལས་དོན་ལ་གྲུབ་འབྲས་ཐོབ་པའི་རྩ་བའི་འགན་ལེན་རེད་ལ། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོའི་རྩ་བའི་འགན་ལེན་ཡང་རེད། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བརྟན་པོ་བྱས་ཚེ། མི་སུ་ཞིག་དང་ཆབ་སྲིད་ཀྱི་ཕྱོགས་གཏོགས་གང་ཞིག་གིས་ཀྱང་ང་ཚོའི་མི་རིགས་འབྲེལ་བར་དཀྲུག་ཤིང་རྒྱག་མི་ཐུབ་པ་མ་ཟད། ཆབ་སྲིད་ཐད་ནས་ང་ཚོའི་མི་རིགས་མཐུན་སྒྲིལ་གཅིག་གྱུར་གང་ལེགས་འགན་ལེན་བྱེད་ཐུབ་ཅེས་གསུངས་ཡོད།
ལྗོངས་ཡོངས་གོང་འོག་འབད་འབུངས་ཀྱིས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལེའུ་གསར་པ་བརྩམས།
2012ལོ་ཚུན་རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི་དང་རྒྱལ་ཡོངས་དང་ཐ་ན་ཞིང་ཆེན་དང་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པའི་མིང་འདོགས་རེ་ཞུ་སོགས་ཀྱི་བྱེད་ཐབས་བརྒྱུད་དཔེ་མཚོན་བཏོད་པར་བརྟེན། ལྷ་ས་གྲོང་ཁྱེར་ཝ་པ་གླིང་སྡེ་ཁུལ་དང་གཞིས་རྩེ་གྲོང་ཁྱེར་ལྕང་ལོ་ཁང་གསར་ཨུ་ལྷན་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་ཁག་གཅིག་ཐོན་ཏེ། མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བརྩོན་ལེན་དང་མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་བའི་དུས་རབས་ཀྱི་ཁྱད་ཆོས་མངོན་ཡོད།
2017ལོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“རང་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་སྔོན་ཐོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དུ་ཧུར་ཐག་བསྐྲུན་དགོས་པའི”ཐབས་ཇུས་བཀོད་སྒྲིག་བཏོན་ཞིང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་སྐབས་སུ《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》བཏོན་པ་རེད།
2020ལོའི་ཟླ་1ཚེས་11ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་འདེམས་ཤོག་ཆ་ཚང་འཐོབ་ནས《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》ལ་གྲོས་འཆམ་བྱུང་ཞིང་། བརྡས་ཐག་བཅད་པའི་འབྲས་བུ་དེ་ལས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་ཁྲིམས་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུ་དེ་དུས་རབས་གསར་པར་ཏང་དང་མི་དམངས་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་མཐུན་པ་ཞིག་དང་། ཏང་གི་དགོངས་ཚུལ་དང་མི་དམངས་ཀྱི་འདུན་པ་ཚད་མཐོའི་གཅིག་གྱུར་ཡིན་པ་མཚོན་པ་མ་ཟད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཟབ་མོ་དང་ཐུན་མོང་གི་བསམ་འདུན་ཡང་མཚོན་ཡོད།
རིམ་ཁག་ཏང་རྩ་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།
དུས་རབས་གསར་པར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལས་དོན་ལ་བརྩིས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་བཏང་བར་བརྟེན། “ཁ་བྲལ་ཐབས་མེད་པ་གསུམ”དང“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ”སོགས་ཀྱི་བསམ་བློ་མི་སེམས་ལ་གཏིང་ཟབ་ཟུག་སྟེ། ལྗོངས་ཡོངས་སུ་མི་རིགས་ཁག་སྤུན་ཉེ་འཆམ་མཐུན་དང་། ལྟ་རེས་སྐྱོང་རེས། ཞི་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།
བརྩེ་སེམས་ཁྲོད་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད་པ་དང་། བྱ་སྤྱོད་དངོས་ལས་མི་རིགས་མཐུན་སྒྲིལ་གྱི་དྲང་ནུས་གཅིག་ཏུ་སྒྲིལ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དང་མི་རིགས་མཐུན་སྒྲིལ་ཟླ་བ་དང་དེ་བཞིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་པ། བོད་ལ་ཞི་བས་བཅིངས་འགྲོལ་བཏང་བ་སོགས་ལ་རྟེན་འབྲེལ་ཞུ་བའི་དུས་ཆེན་དང་མཚམས་ཚིགས་ལ་དམིགས་པ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང”བའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱིས་སྤེལ་བའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་བཅས་དང་ཟུང་འབྲེལ་བྱས་ནས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བར་བརྟེན་མི་རིགས་ཁག་གི་མང་ཚོགས་ཚོས་དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་བྱས་ཡོད།
དམངས་ཕན་བྱེད་ཐབས་རེ་རེ་དང་དམངས་ཆེད་སྒྲུབ་པའི་བྱ་བ་རེ་རེ་བཞིན་དོན་འཁྱོལ་བྱུང་བར་བརྟེན། མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བའི་ཡིད་ཆེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཞིང་། ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས་ཚུན། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་འཚོའི་བདེ་རྩ་ལེགས་སུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བར་དམིགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དབུལ་སྒྲོལ་བརྟན་པོ་ཡོང་བར་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་རྒྱུའི་མདུན་སྐྱོད་ཀྱི་དུང་བརྡ་གྲགས་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། 2016ལོར་བོད་དུ་རྫོང་དང་ཆུས་དབུལ་པོ་5སྔོན་ལ་དབུལ་ཞྭ་ཕུད་པ་དང་། 2017ལོར་རྫོང་དང་ཆུས་25དབུལ་ཞྭ་ཕུད་པ། 2018ལོར་སླར་ཡང་རྫོང་དང་ཆུས་25དབུལ་ཞྭ་ཕུད་པ། 2019ལོར་བོད་ཀྱི་མཐའ་མཇུག་གི་རྫོང་དང་ཆུས་19དབུལ་ཞྭ་ཕུད་ཡོད།
ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་རྒྱུས་ཀྱི་དུས་སྐབས་བསུ་བའི་དུས་སུ། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ནི་ནམ་ཡང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྟེན་ས་གཙོ་བོ་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ནི་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་རྩ་བའི་འགན་ལེན་ཡིན་པ་གཏིང་ཟབ་ཚོར་བཞིན་ཡོད། མི་རིགས་མཐུན་སྒྲིལ་གྱིས་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ཁམས་བཟང་གི་མཛེས་སྡུག་ལྡན་པའི་བོད་གསར་འཛུགས་སྐྲུན་གྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་ལ་ཁྲིད་སྟོན་བྱ་བཞིན་ཡོད།
འགན་འཁུར་རྩོམ་སྒྲིག་པ། 尕藏智华
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣