དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-04

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཐད་འཇོག་དགོས”ཞེས་བསྟན་གནང་ཡོད། ཆོད་སྡོམ་གལ་ཆེན་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ཐད་གནང་བའི་བཀའ་མངགས་ཟབ་མོ་དང་ཐུགས་རེ་ནན་པོ་འདུས་ཡོད་ལ་བོད་ཀྱི་ལས་དོན་ལ་ལོ་རྒྱུས་ཀྱི་ཉམས་མྱོང་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་གནང་བ་ཞིག་ཀྱང་རེད། མི་རིགས་མང་པོ་འདུས་སྡོད་ཁུལ་ཡིན་པའི་རང་ལྗོངས་ཀྱིས་སྔར་ནས་བཟུང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་ཐུན་མོང་ཐོག་ཡར་ཐོན་ཡོང་བ་བྱ་རྒྱུ་དེ་མི་རིགས་ལས་དོན་གྱི་རྩ་བའི་ལས་འགན་ལ་བརྩི་ཡི་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》(གཤམ་ལ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ་དེས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་སྲོལ་ལམ་ཐོག་བསྐྱོད་པ་མཚོན་ཡོད།

    《སྲོལ་ཡིག》བཏོན་པ་དེས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་དོན་སྙིང་གཏིང་ཟབ་གང་ཞིག་ལྡན་མིན་ཐད་གསར་འགོད་པས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཞིབ་འཇུག་པ་གཞོན་པ་དབྱིན་ཧའེ་ཡན་ལ་ཆེད་དོན་བཅར་འདྲི་ཞུས་པ་ཡིན།

    དབྱིན་ཧའེ་ཡན་གྱིས། 2020ལོའི་ཟླ་1ཚེས་11ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི《སྲོལ་ཡིག》ནི་མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དོན་འཁྱོལ་དང་བཅའ་ཁྲིམས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་འགན་ལེན་དང་སྲ་བརྟན་དུ་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དང་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་བོད་ས་གནས་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྱད་ཆོས་གང་ལེགས་མཚོན་པ་དང་། དེས་དུས་རབས་གསར་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཞི་མཐུན་གྱི་མི་རིགས་འབྲེལ་བ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་བསྐྲུན་པ་བཅས་ལ་ཁྲིམས་སྐྱོང་གི་རྨང་གཞི་དང་འགན་ལེན་བརྟན་པོ་བྱས་ཡོད་ཅེས་བཤད་པ་རེད།

    དབྱིན་ཧའེ་ཡན་གྱིས“མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་དང་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འགན་འཁྲི་རེད། གནའ་སྔ་མོ་ནས་བཟུང་མཐུན་སྒྲིལ་དང་གཅིག་གྱུར་ནི་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ལོ་རྒྱུས་འཕེལ་རྒྱས་ཀྱི་གཙོ་རྒྱུན་ཞིག་ཡིན་ཞིང་། གནའ་རབས་སུ་ཀྲའོ་ཅུན་མནའ་མར་འགྲོ་བ་དང་། འུན་ཤིང་ཀོང་ཇོ་བོད་ལ་ཕེབས་པ། ལང་ཇུའི་མཇལ་འདུམ་སོགས་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་ཡོད། 1966ལོའི་ཟླ་6ཚེས་8ཉིན་བོད་རང་སྐྱོང་ལྗོངས་ཀྱིས་ས་ཡོམ་གྱི་གནོད་འཚེ་ཕོག་པའི་ཧོ་པེ་ཞིང་ཆེན་ཞིང་ཐའེ་ས་ཁུལ་ལ་རྟ་240རོགས་སྐྱོར་བྱེད་པ་དང་ལོ་འདིའི་ཟླ་7ཚེས་6ཉིན་ཧོ་པེ་ཞིང་ཆེན་གྱི་འཚམས་འདྲི་ཚོགས་པས་ལྷ་སར་ཐུགས་རྗེ་ཆེ་ཞུ་བར་ཡོང་བ་མ་ཟད། བོད་ཀྱི་མི་དམངས་ལ་ཞིང་འཕྲུལ་ཡོ་ཆས་འབོར་ཆེན་དང་ཕ་ཕྱུགས་སྤྲད་ཡོད། 1999ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་40འཁོར་སྐབས་ཞིང་ཐའེ་ཡི་མི་རིགས་བརྩེ་སེམས་འཚམས་འདྲི་ཚོགས་པ་སླར་ཡང་ལྷ་སར་ཕེབས་ནས་འདྲུད་འཐེན་འཕྲུལ་འཁོར་60བོད་ཀྱི་ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་ལ་རོགས་སྐྱོར་བྱ་རྒྱུར་སྤྲད་ཡོད། 1966ལོ་ནས་1978ལོ་བར་རྒྱལ་ཡོངས་རླུང་འཕྲིན་བརྙན་འཕྲིན་ཁོངས་གཏོགས་ཀྱི་ཁྱོན་མི་419བོད་ལ་ཡོང་བ་དང་། དེང་གི་བར་སྐོར་ཁྲོམ་གཞུང་དུ་སྤུན་ཟླའི་མི་རིགས་མཉམ་དུ་ཚོང་གཉེར་བྱེད་མཁན་ཁྱིམ་དུད་100ལྷག་ཙམ་སྡོད་ཀྱི་ཡོད་པ་དང་། གྲོང་མིའི་སྒོ་ར་ཆེ་མོར་མི་རིགས་ཁག་དགའ་དགའ་སྤྲོ་སྤྲོའི་ངང་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད། 1990ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལོ་ལྟར་གྱི་ཟླ་9པ‘མི་རིགས་མཐུན་སྒྲིལ་ཟླ་བར’གཏན་འཁེལ་བྱས་པ་དང་། 2010ལོའི་ཟླ་7པར་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཏེ་བོད་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལས་དོན་ལ་སྐུལ་འདེད་དང་སྲ་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་ཁ་ཕྲལ་ལ་ངོ་རྒོལ་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུ་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ངོས་འཛིན་ལ་གྱུར་ཡོད”ཅེས་བཤད་པ་རེད།

    དུས་རབས་གསར་པར《སྲོལ་ཡིག》ལག་བསྟར་ཡག་པོ་ཇི་ལྟར་བྱེད་དགོས་མིན་ཐད་དབྱིན་ཧའེ་ཡན་གྱིས། བློ་བརྟན་འགྱུར་མེད་ངང་བཅའ་ཁྲིམས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་འགན་ལེན་དང་སྲ་བརྟན་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་དང་རྒྱུན་མཐུད་སྤེལ་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། མི་རིགས་ཁག་གི་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་པའི་ཐད་གཅིག་སྒྲིལ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཐོག་མཐའ་བར་གསུམ་དུ་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་དང་། ཁྱིམ་ཚང་གཅིག་ལྟར་བརྩེ་བ། ལག་གདང་སྦྲེལ་ནས་མདུན་སྐྱོད་བཅས་བྱེད་དུ་བཅུག་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ཆེན་པོ་ཟམ་མི་ཆད་པར་གཅིག་ཏུ་སྒྲིལ་དགོས་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།