དབུ་ཤོག>གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱི་2019ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར་པ་སངས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-19

    པ་སངས་ནི་ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་གྲོང་རྡལ་རྟ་པ་ས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱི་2019ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར་ཡང་རེད།

    ཀོང་པོའི་ཕོ་རྒོད་དེས་འཚོ་བ་སྐྱོ་པོ་སྐྱེལ་མྱོང་ཡོད་ཅིང་། 2001ལོ་དང་2002ལོར། ནད་གཞིས་རྐྱེན་པས་དབུལ་པོ་ཆགས་ནས་གྲོང་ཚོའི་དུད་ཚང་དབུལ་པོར་གྱུར་པ། འཚོ་བ་ཕྱུག་པོ་ཡང་སྐྱེལ་མྱོང་ཡོད་ཅིང་། 2013ལོར། ལྷ་ཉིང་རིམ་མཐོའི་གཞུང་ལམ་སྐྲུན་སྐབས་ཁོང་གིས་སྐད་སྒྱུར་བ་བྱས་པ་དང་རྡོ་གཤགས་ལས་ཀ་འགན་གཙང་བླངས་ནས་ལོ་གཉིས་ལ་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་བྱུང་ཡོད། 2017ལོར། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་རྗེས། ཁོང་གིས་ཞིང་ཁྱིམ་སྤྲོ་ཁང་དང་གླིང་ཁ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ཡོད། 2018ལོར། རྟ་པ་གྲོང་ཚོའི་དུད་ཚང་56ཚང་མ་དབུལ་སྒྲོལ་ཐུབ་པ་རེད།

    པ་སངས་ལ་གསར་འགོད་པས་ལོ་འདི་དག་རིང་གང་ཞིག་གིས་ཁྱེད་རང་ལ་རོགས་རམ་ཆེ་ཤོས་ཐོབ་བྱུང་ངམ་ཞེས་འདྲི་སྐབས། ཁོང་གིས་རང་ཉིད་ཀྱི་ལོ་20ལྷག་ཙམ་གྱི་བརྒྱུད་རིམ་གསར་འགོད་པར་གསལ་པོ་གླེང་།

    དད་སེམས་གཅིག

    མི་རིགས་ཁག་ནི་ཁྱིམ་ཚང་ཆེན་པོ་གཅིག་རེད།

    པ་སངས་1975ལོར་སྐྱེས་པ་དང་། 1996ལོའི་ཟླ་12པར་དམག་མིར་ཞུགས་ནས་ཁྲུང་ཆིང་དུ་དམག་མི་ལོ་གསུམ་བྱས་པ་རེད།

    “དམག་མིར་ཞུགས་མ་ཐག་པའི་སྐབས་སུ་ང་རང་རྒྱ་སྐད་ཡག་པོ་ཤོད་ཤེས་ཀྱི་མེད་ལ། རྒྱ་ཡིག་དེ་བས་ཀྱང་འབྲི་ཤེས་ཀྱི་མེད། འཐབ་གྲོགས་ཚོས་རྒྱ་ཡིག་ཡིག་འབྲུ་རེ་རེ་བཞིན་བསླབས་བྱུང”ཞེས་པ་སངས་ཀྱིས་བཤད།

    པ་སངས་ཀྱིས་དཔུང་སྡེར་ཚང་མས་རང་སོ་སོའི་འཚོ་བའི་བརྒྱུད་རིམ་ཤོད་རེས་བྱེད་པ་དང་། རང་སོ་སོའི་འཚོ་བའི་གོམས་གཤིས་ལ་བརྩི་འཇོག་བྱེད་པ་དང་སྦྲགས་མཉམ་དུ་དམག་སྦྱོང་བྱེད་ཀྱི་ཡོད་པས། ང་ཚོ་ཚང་མ་གང་མགྱོགས་འདྲིས་པོ་ཆགས་སོང་། ཚང་མ་མི་དམངས་ཀྱི་བུ་ཕྲུག་དམག་ཤ་སྟག་ཡིན་པས། ས་ཕྱོགས་གང་ནས་ཡོང་ཡང་དམག་སྒར་དུ་སླེབས་ན་ཁྱིམ་ཚང་གཅིག་ལྟར་རེད་ཅེས་བཤད།

    པ་སངས་སེམས་འགུལ་ཆེ་ཤོས་ཐེབས་པའི་བྱ་ཞིག་ནི། ཁོ་རང་སྨན་ཁང་དུ་ཐེངས་གཉིས་ལུས་སྐབས། དཔུང་སྡེའི་འགོ་ཁྲིད་དང་འཐབ་གྲོགས་ཚོས་ཁོང་ལ་སེམས་ཁུར་ཆེན་པོ་བྱས་པ་དེ་རེད།

    1998ལོར། པ་སངས་ཀྱི་ལྒང་པར་རྡོ་ཆགས་ནས་སྨན་ཁང་དུ་ལུས་ཤིང་། ཁོང་གིས“སྐབས་དེ་དུས་འགོ་ཁྲིད་དང་འཐབ་གྲོགས་ཚོས་རྟག་ཏུ་སྨན་ཁང་དུ་ལྟ་བར་ཡོང་བས་ང་རང་སྨན་ཁང་དུ་བློ་བདེ་པོས་སྨན་བཅོས་བྱས་ནས་སྡོད་རྒྱུ་བྱུང”ཞེས་བཤད།

    2012ལོར། ནད་གཞིས་རྐྱེན་པས་པ་སངས་སླར་ཁྲུང་ཆིང་བཅིངས་འགྲོལ་དམག་324སྨན་ཁང་དུ་སྡོད་དགོས་བྱུང་ཡོད། སྐབས་དེ་དུས་གཤགས་བཅོས་སྨན་པ་གཙོ་བོ་སུན་ཏན་ཉིང་གིས་རང་འགུལ་ངང་པ་སངས་ཀྱི་དེ་སྔའི་དཔུང་སྡེར་འབྲེལ་བ་བྱས་པ་རེད། པ་སངས་ཀྱི་བསམ་ཡུལ་ལས་འདས་པ་ཞིག་ལ། ཐོན་ཀྲང་གཞོན་པས་ཁོང་ལ་འཚམས་འདྲིའི་དངུལ་སྒོར་5000བསྐུར་བ་མ་ཟད། ད་དུང་དཔུང་སྡེའི་དཔོན་དམག་ཡོངས་ཀྱིས་ཁོང་ལ་དངུལ་ཞལ་འདེབས་རྒྱག་རྒྱུའི་འབོད་སྐུལ་བྱས་པ་དང་སྦྲགས། ད་ཐེངས་པ་སངས་ཀྱི་ནད་གཞི་ཡག་པོ་བཅོས་རོགས་ཞེས་མངགས་བཅོལ་ཡང་བྱས་པ་རེད།

    “དངོས་གནས་བསམ་ཡུལ་ལས་འདས་སོང་། ང་རང་དམག་ཞབས་ཐིམས་ནས་ལོ་12འགྲོ་གི་ཡོད་ཀྱང་། དཔུང་སྡེས་ད་དུང་ང་རང་བརྗེད་མི་འདུག སྨན་པ་དང་སྨན་གཡོག་ཚོས་ཀྱང་ང་ལ་ལྟ་རྟོག་ཡག་པོ་གནང་བྱུང་བས། ངའི་ནད་གཞི་རྦད་དེ་དྲག་སྐྱེད་བྱུང་སོང”ཞེས་པ་སངས་ཀྱིས་བརྗོད་པ་དང་། ཁོང་གིས“ང་རང་ནད་གཞི་དྲག་སྐྱེད་ཡག་པོ་བྱུང་རྗེས། ནད་སྡོད་སྨན་ཁང་གི་ཁོའོ་ཧྲེ་དང་གཤགས་བཅོས་སྨན་པར་གོས་དར་གཉིས་ཉོས་ནས་སྤྲད་པ་དང་། དཔོན་དམག་རྣམས་ལ་ཁ་བཏགས་50ཕུལ་བ་ཡིན” ཞེས་བཤད།

    ཁྲུང་ཆིང་དུ་དམག་མི་ལོ་གསུམ་བྱས་པ་བརྒྱུད། སེམས་ནང་དད་སེམས་ཤིག་མང་དུ་ཕྱིན་པའི་མྱོང་ཚོར་བྱུང་། དེ་ནི་མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དེ་རེད་ཅེས་པ་སངས་ཀྱིས་བཤད།

    བརྩེ་སེམས་ཤིག

    ཀྲའོ་ལིན་དང་མཉམ་དུ་མི་ཚེ་གཅིག་འཚོ་བ་ཡག་པོ་སྐྱེལ་གྱི་ཡིན།

    2014ལོ་ནི་པ་སངས་ཀྱི་ངོས་ནས་བརྗོད་ན། དོན་སྙིང་ཆེན་པོ་ལྡན་པའི་ལོ་ཞིག་ཡིན་ཞིང་། ལོ་དེར་ཁོང་དང་ཁྲུང་ཆིང་གི་བུ་མོ་ཀྲའོ་ལིན་གཉེན་སྒྲིག་བྱས།

    2013ལོར། ལྷ་ཉིང་རིམ་མཐོའི་གཞུང་ལམ་སྐྲུན་འགོ་ཚུགས་ཤིང་། པ་སངས་ཀྱིས་ཨར་ལས་ཚན་པར་སྐད་སྒྱུར་བ་བྱས་པ་དང་། ཀྲའོ་ལིན་གྱིས་རྫོང་ཁུལ་དུ་ཡུལ་སྐོར་ཟ་ཁང་ཞིག་བཙུགས་པ་རེད། པ་སངས་རྟག་ཏུ་ཕི་ཁ་རླངས་འཁོར་བཏང་ནས་ཟ་ཁང་འཁྲིས་སུ་རླངས་འཁོར་བཀྲུ་བ་དང་ཁ་ལག་ཟ་བར་སྐྱོད་ཀྱི་ཡོད་པ་རེད།

    “ཀྲའོ་ལིན་ཁྲུང་ཆིང་ནས་ཡིན་པས། ཚང་མ་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་ང་རང་ཁྲུང་ཆིང་དུ་དམག་མི་ལོ་གསུམ་བྱེད་མྱོང་ཡོད་པའི་སྐོར་བཤད་པས་མཐུན་ཆ་མང་པོ་འདུག”ཅེས་པ་སངས་ཀྱིས་བརྗོད་པ་དང་། ཁོང་གིས་སྐབས་དེ་དུས་ཀྲའོ་ལིན་ཁེར་རྐྱང་དུ་ཕྲུ་གུ་གཅིག་ཁྲིད་ཡོད་པས་དངོས་ནས་དཀའ་ལས་ཁག་པོ་འདུག་ལ། བརྩི་འཇོག་བྱེད་འོས་པ་ཞིག་ཀྱང་འདུག་ཅེས་བརྗོད། པ་སངས་ཀྱིས་རྟག་ཏུ་རླངས་འཁོར་བཏང་ནས་ཚལ་དབོར་རོགས་སོགས་ཁོ་མོར་རོགས་པ་མང་པོ་བྱེད་ཀྱི་ཡོད་པས་དུས་ཚོད་རིང་པོ་སོང་རྗེས་ཁོ་གཉིས་དབར་བརྩེ་དུང་སླེབས་ནས་མཐར་གཉེན་སྒྲིག་བྱས་པ་རེད།

    བརྩེ་དུང་ནི་ཕན་ཚུན་རོགས་རམ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། ངའི་ཨ་མ་ན་བའི་དུས་སུ་ཀྲའོ་ལིན་གྱིས་ལྟ་སྐྱོང་ཡག་པོ་བྱས་བྱུང་བས་ངས་མི་ཚེ་གཅིག་བརྗེད་མི་སྲིད་ཅེས་པ་སངས་ཀྱིས་བརྗོད། 2015ལོར། ལོ་80ལ་སླེབས་པའི་པ་སངས་ཀྱི་ཨ་མར་ན་ཚ་ཕོག་ནས་བྲག་ཡིབ་ཆུས་སྨན་ཁང་དུ་ལུས་པ་དང་། ཀྲའོ་ལིན་གྱིས་ལོ་3ནད་གཡོག་ཡག་པོ་རྒྱུགས་པ་རེད། ཟླ་བ་གསུམ་མལ་སར་ལུས་ཀྱང་ངའི་ཨ་མར་ཐོར་པ་ཡང་སྐྱེས་མྱོང་མེད་པས། སྨན་པས་ཀྱང་ཁོ་མོ་ནི་མནའ་མ་ཡག་པོ་ཞིག་རེད་ཅེས་མྱོང་ཚོར་ཟབ་མོས་བརྗོད་ཀྱི་འདུག་ཅེས་པ་སངས་ཀྱིས་བཤད་པ་དང་། དུས་དེ་ནས་བཟུང་ཁོང་གིས་ཀྲའོ་ལིན་དང་མི་ཚེ་མཐའ་སྐྱེལ་བྱེད་རྒྱུའི་ཐག་བཅད་པ་རེད།

    མཐར་ཨ་མ་ནད་གཞི་དྲག་སྐྱེད་མ་བྱུང་བར་ཚེ་ལས་འདས་ཤིང་། པ་སངས་ཀྱིས“ཁྱེད་གཉིས་ཀྱིས་མི་ཚེ་གཅིག་འཆམ་མཐུན་ངང་འཚོ་བ་ཡག་པོ་སྐྱེལ་དགོས”ཞེས་པའི་ཨ་མའི་ཞལ་ཆེམས་བློ་ལ་བརྟན་པོ་ངེས་ཡོད་པ་རེད།

    ལས་འབྲེལ་བཟང་པོ།

    ཁྱེད་རང་བློ་བདེ་པོ་བྱོས། ངས་ཁྱེད་རང་གི་ཚེ་མཇུག་ཡག་པོ་སྐྱེལ་རོགས་ཞུ་ཆོག

    2016ལོར་པ་སངས་ཀྱི་ཁང་པར་བསྐྱར་དུ་བཟོ་བཅོས་བརྒྱབ་པ་དང་། ཨར་འདམ་འདིང་སྐབས། ཁོང་གིས་དབུ་སྐྲ་དཀར་བའི་བགྲེས་སོང་ལིའུ་ཁྲུན་མེང་ངོ་ཤེས་པ་རེད།

    བགྲེས་སོང་ལིའུ་ཁྲུན་མེང་འདི་ལོ་ལོ་65ལ་སླེབས་པ་དང་ཕ་ཡུལ་སི་ཁྲོན་མེན་དབྱང་ནས་ཡིན་ཞིང་། ལོ་20ཡི་གོང་ཁོང་གཅིག་པུ་བོད་དུ་གླ་པ་རྒྱུག་པར་ཡོང་བ་དང་། ད་བར་ཁྱིམ་དུ་ལོག་མྱོང་མེད་ལ། ནང་མིས་ཀྱང་ཁོང་དང་འབྲེལ་བ་བྱེད་མྱོང་མེད་པ་རེད།

    2019ལོར་པ་སངས་དང་བགྲེས་སོང་ལིའུ་ཁྲུན་མེང་སླར་ཡང་ཐུག་འཕྲད་བྱུང་བ་རེད།

    པ་སངས་ཀྱིས“ན་ནིང་ཟླ་ལྔ་པར། གྲོང་ཚོའི་ཞིང་ཁྱིམ་སྤྲོ་ཁང་བསྐྱར་བཟོ་བྱེད་སྐབས། སྒོ་སྲུང་བ་ཞིག་དགོས་ཀྱི་འདུག དང་ཐོག་ང་ཚོས་གྲོང་མི་ཞིག་བཀོད་སྒྲིག་བྱས་པ་ཡིན། འོན་ཀྱང་ལས་ཀ་བྱེད་སྐབས་ནན་ཏན་མི་འདུག་པས། བརྗེ་པོ་རྒྱག་རྒྱུའི་བསམ་བློ་འཁོར་བྱུང་། གྲོང་ཚོའི་མི་ཁག་གཅིག་གིས་དེ་སྔ་གྲོང་ཚོར་ལས་ཀ་བྱེད་མྱོང་བའི་བགྲེས་སོང་ལིའུ་ཁྲུན་མེང་ད་དུང་ལོག་མི་འདུག ད་ལྟ་རྫོང་དུ་ལས་ཀ་བྱེད་བཞིན་འདུག་པས་རྟག་ཏུ་འཕྲད་ཀྱི་འདུག་ཟེར་གྱི་འདུག”ཅེས་བརྗོད།

    པ་སངས་ཀྱིས“ང་ཚོས་ཁོང་གི་ཕ་ཡུལ་གཅིག་པའི་ཟ་ཁང་ནས་ཁོང་རྙེད་བྱུང་། དྲང་པོ་བཤད་ན་སྐབས་དེ་དུས་ཁོང་གི་འཚོ་བར་དཀའ་ངལ་ཆེན་པོ་འདུག་ལ། ལོ་ན་རྒས་ནས་ཤུགས་ལས་བྱེད་ཐབས་བྲལ་བས་དངུལ་གསོག་རྒྱུ་ལྟ་ཅི་ད་དུང་མི་གཞན་ལ་ཁང་གླ་སྒོར་2500ཆད་འདུག”ཅེས་བརྗོད་པ་དང་། བགྲེས་སོང་གིས་ཆད་པའི་ཁང་གླ་པ་སངས་ཀྱིས་སྤྲོད་རོགས་བྱས་པ་མ་ཟད། ད་དུང་ཁོང་ཞིང་ཁྱིམ་སྤྲོ་ཁང་དུ་ལས་ཀ་བྱེད་པར་གདན་དྲངས་ནས་ཟླ་རེའི་ཟ་སྡོད་འགན་ལེན་འགན་ལེན་ཡོད་པའི་ཁར་ཟླ་རེར་གླ་ཆ་སྒོར་3500སྤྲད་པ་རེད།

    ན་ནིང་ཟླ་11པ་ནས་བཟུང་། གནམ་གཤིས་གྲང་ངར་ཆེ་རུ་ཕྱིན་པ་དང་བསྟུན་ནས་རྟ་པ་ས་གྲོང་ཚོའི་ཞིང་ཁྱིམ་སྤྲོ་ཁང་ཡང་ལས་སྒོ་གཉེར་མཚམས་བཞག་པ་རེད། པ་སངས་ཀྱིས་རང་ཁྱིམ་གྱི་ཁང་མིག་གཞན་ཞིག་ཏུ་ཉལ་ཁྲི་གསར་པ་བསྒྲིགས་པ་དང་ཉལ་གདན་གསར་པ་བཏིང་ནས“ཁྱེད་རང་བློ་བདེ་པོ་བྱས་ནས་སྡོད། ངས་ཁྱེད་རང་གི་ཚེ་མཇུག་ཡག་པོ་སྐྱེལ་རོགས་ཞུ་ཆོག”ཅེས་བགྲེས་སོང་ལིའུ་ཁྲུན་མེང་ལ་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།