དབུ་ཤོག>གསར་འགྱུར།
  • ཧྥུའུ་ཅན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ནམ་ཡང་གནས་པའི་སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལིའུ་ཞའོ་ཡུས།   |     སྤེལ་དུས།  2020-04-14

    ཟླ་4ཚེས་7ཉིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་གི་ཧྥུའུ་ཅན་གྱི་བོད་སྐྱོར་སྨན་པ་ཁག་གི་སྣེ་ཁྲིད་འོག ས་གནས་གཉིས་ཀྱི་སྨན་དོན་མི་སྣའི་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས། དཔལ་འབར་རྫོང་མི་དམངས་སྨན་ཁང་གིས་ལེགས་གྲུབ་ངང་གཤགས་བཙའ་བྱས་པ་རེད།

    ཧྥུའུ་ཅན་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་མི་མོ་ནད་བུ་བཙའ་ཚན་ཁག་གི་སྨན་རམས་པ་ལིན་པི་ཀྲུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། དཔལ་འབར་རྫོང་ས་སྟེང་ཤང་རི་སྦུག་གྲོང་ཚོའི་ལོ་22ལ་སླེབས་པའི་སྦྲུམ་མ་སྒྲོལ་མ་ལྷ་དགའ་གཟུགས་པོ་ཆེན་པོ་མེད་ལ་མཚང་རུས་ལྟོས་བཅས་ཀྱིས་ཅུང་ཆུང་བའི་ཁར་སྦྲུམ་བུའི་ལྗིད་ཚད་ལ་སྔོན་དཔག་བྱས་ན་སྤྱི་རྒྱ་3.3ཟིན་གྱི་ཡོད་པས་བཙའ་ཁག་པོ་ཡོད་མོད། དཔལ་འབར་རྫོང་གི་མོ་ནད་བུ་བཙའ་ཚན་ཁག་གི་སྨན་པར་གཤགས་བཙའི་ལག་རྩལ་མེད། “སྔོན་ཆད་གནས་ཚུལ་འདིའི་རིགས་ཐོན་ཚེ། སྦྲུམ་མ་ཆབ་མདོ་དང་ཡང་ན་ལྷ་སར་སྐྱེལ་བ་ལས་ཐབས་གཞན་མེད”ཅེས་ལིན་པི་ཀྲུའུ་ཡིས་བརྗོད།

    ཡིན་ན་ཡང་། དཔལ་འབར་རྫོང་ནས་ཆབ་མདོའམ་ལྷ་ས་བར་རླངས་འཁོར་བཏང་ནས་ཆུ་ཚོད་8ནས་10བར་སྐྱོད་དགོས་སྟབས་དུས་ཚོད་འདང་ཐབས་མེད་པས་སྦྲུམ་མའི་ནང་མི་ཚོའི་མོས་མཐུན་བྱུང་རྗེས། སྨན་པ་ཚོས་གཤགས་བཙའ་བྱེད་རྒྱུར་ཐག་བཅད། ལིན་པི་ཀྲུའུ་ནི་གཤགས་བཅོས་བྱེད་མཁན་གཙོ་བོ་ཡིན་པ་དང་། ཧྥུའུ་ཅན་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་མི་དང་མོ་ནད་བུ་བཙའ་ཚན་ཁག་གི་སྨན་པ་ཏེང་ཡུང་དང་དེ་བཞིན་དེ་གའི་ལས་རེས་སྨན་པ་དབྱངས་ཅན་རྡོ་རྗེས་ལས་རོགས་བྱས་ནས། སྐར་མ་40ལྷག་ཙམ་རིང་གཤགས་བཅོས་བྱས་རྗེས་ཆུ་ཚོད་17དང་སྐར་མ་13ལ་ཕྲུ་གུ་བདེ་ཐང་ངང་བཙས་པ་རེད།

    “ང་ཚོས་བོད་སྐྱོར་བྱེད་རིང་། ཁྱོད་ཚོའི་ཁྲོད་ནས་རང་རྐྱ་འཕེར་བའི་སྒོ་ནས་གཤགས་བཙའ་བྱེད་ཐུབ་པའི་སྨན་པ་གསོ་སྐྱོང་བྱེད་ཐུབ་རེ་ཡོད”ཅེས་གཤགས་བཅོས་གྲུབ་མ་ཐག་པའི་སྨན་པ་ཏེང་ཡུང་གིས་དབྱངས་ཅན་རྡོ་རྗེར་བརྗོད།

    2019ལོར། ཧྥུའུ་ཅན་ཞིང་ཆེན་དང་ཆབ་མདོ་གྲོང་ཁྱེར་གྱི་ཐུན་མོང་གི་རྒྱབ་སྐྱོར་འོག ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་ཐང་ཤར་ཡུག་ཁུལ་དུ་དངོས་སུ་སྤོས་ཤིང་། ལོ་དེའི་ཟླ་བདུན་པར། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་སྨན་བཅོས་ཆེད་དོན་ལག་རྩལ་མི་སྣ་12མངགས་ནས“སྨན་བཅོས་འཕྲོད་བསྟེན་རུ་ཁག”བཙུགས་ཏེ་ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་ལ་ཚོགས་སྒྲིག་རྣམ་པར་བརྟེན་ནས་ཁ་གཏད་རོགས་སྐྱོར་བྱས་ཏེ། མ་བུ་བདེ་སྲུང་ཁང་དེར་མངལ་མ་ཆགས་གོང་གི་བདེ་སྲུང་དང་། གཉེན་མ་བསྒྲིགས་གོང་གི་བརྟག་དཔྱད། བྱིས་པའི་ཁ་སྦུག་བདེ་སྲུང་། ལེགས་བཙའ་ལེགས་གསོའི་བདེ་ཐང་བརྟག་དཔྱད་སོགས་ཀྱི་ལས་སྒོ་གཉེར་བར་མཛུབ་ཁྲིད་དང་རོགས་རམ་བྱས་པ་མ་ཟད། ད་དུང་བྱིས་པའི་གཟུགས་པོ་བརྟག་དཔྱད་ལྟེ་གནས་དང་འཆར་ལྡན་རིམས་འགོག་ཚན་ཁག་སོཌ་ཁྱད་ལྡན་ལས་སྒོ་ཡང་གཉེར་བ་རེད། ལོ་གཅིག་ལྷག་ཙམ་རིང་། ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་སྦྲུམ་མ་ཤི་ཚད་དང་ཕྲུ་གུ་དམར་འབྱར་ཤི་ཚད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་། སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་ཚད་སོགས་མ་བུ་འཕྲོད་བསྟེན་ཞབས་ཞུའི་སྟོན་གྲངས་རྒྱུན་མཐུད་མཐོ་རུ་ཕྱིན་ནས། ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་གི་སྨན་བཅོས་སྐྱོབ་བཅོས་ཆུ་ཚད་མཐོ་རུ་ཞེ་དྲག་ཕྱིན་ཡོད་པ་རེད།

    “སྨན་བཅོས་རོགས་སྐྱོར་བྱས་ནས་ནམ་ཡང་གནས་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་རྒྱུ་ནི་འགག་རྩ་རེད”ཧྥུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པ་ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤུས་ཀྲེང་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཧྥུའུ་ཅན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཞིང་ཆེན་དེའི“དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི”བདེ་ཐང་དབུལ་སྐྱོར་གྱི་བྱེད་སྟངས་ཆབ་མདོར་ནང་འདྲེན་བྱས་ནས། རང་རྐྱ་འཕེར་བའི་ངང་དཀའ་ཚད་ཆེ་བའི་སྨན་བཅོས་རོགས་སྐྱོབ་ལས་འགན་སྒྲུབ་ཐུབ་པའི་ཤེས་ལྡན་པ་ཁག་ཅིག་གསོ་སྐྱོང་བྱས་ཡོད་པ་རེད།

    འདི་ལོའི་ཟླ་གསུམ་པའི་ཟླ་མཇུག་ཏུ། ཧྥུའུ་ཅན་གྱི་བོད་སྐྱོར་སྨན་པའི་སྟོབས་ཤུགས་ལ་བརྟེན་ནས། ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་གིས་སྨན་ཁང་དུ་ཕྲུ་གུ་སྐྱེ་ཚད་ཉུང་བ་དང་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་མང་བའི་དཔལ་འབར་རྫོང“དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི”དཔེ་སྟོན་ས་ཚིགས་སུ་བརྩིས་པ་དང་། “གལ་སྲིད་ཧྥུའུ་ཅན་གྱི་བོད་སྐྱོར་ལས་དོན་རུ་ཁག་མེད་པ་ཡིན་ན། དཀའ་ཚད་ཆེ་བའི་གཤགས་བཅོས་འདིའི་རིགས་སྦྱོང་བརྡར་བྱེད་པའི་གོ་སྐབས་འཐོབ་སྲིད་ཀྱི་མ་རེད”“འབྱུང་འགྱུར་རང་ཉིད་ཀྱང་གཤགས་བཅོས་འདིའི་རིགས་བྱེད་མཁན་གཙོ་བོར་འགྱུར་ཐུབ་པའི་ཡིད་ཆེས་ཡོད”ཅེས་དབྱངས་ཅན་རྡོ་རྗེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།