མིག་སྔར་སྨྱན་སྦྱོར་ལག་རྩལ་འཕེལ་རྒྱས་ཆེན་པོ་ཕྱིན་པས་མི་ཚོས་ཆ་འཕྲིན་དང་ལེན་བྱེད་སྟངས་འདྲ་མིན་སྣ་ཚོགས་ཡོད།
སྨྱུག་འཛིན་པའི་ངོས་འཛིན་ལྟར་ན། ཚོགས་སྤྱི་མི་འདྲ་བའི་ཆ་འཕྲིན་དང་ལེན་གྱི་གོམས་གཤིས་དང་དྲ་རྒྱའི་དུས་རབས་ཀྱི་དྲིལ་བསྒྲགས་ལས་དོན་གྱི་དུས་བབ་གསར་པ་དང་བསྟུན་ནས་ལྟ་འདོད་ཉན་སྤྲོའི་ལྟེ་བ་འདིར་དམ་འཛིན་བྱས་ཏེ། མི་ཆོས་ཅན་གྱི་འདུ་ཤེས་འཛུགས་པ། ཀུན་ཁྱབ་ཅན་གྱི་བྱེད་སྟངས་སྤྱོད་པ། གདོས་བཅས་ཅན་གྱི་གཞི་རྟེན་གཏོད་པ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་གཏོང་བར་མི་ཆོས་ཅན་གྱི་དྲིལ་བསྒྲགས་འདུ་ཤེས་འཛུགས་དགོས། སྲོལ་རྒྱུན་གྱི་བསམ་བློའི་ངོས་འཛིན་ལས་སྒྲོལ་བ་དང་རྣམ་པ་གཅིག་རང་གི“ལེབ་གཏོང་རྣམ་པའི”དྲིལ་བསྒྲགས་སློབ་གསོར་འགྱུར་ལྡོག་གཏོང་བ། ལྟ་ཉན་མཁན་མི་འདྲ་བའི་ཁྱད་ཆོས་ལ་དམིགས་པ་བཅས་བྱས་ནས“ཐིགས་ཆུང་རྣམ་པའི”དྲིལ་བསྒྲགས་སློབ་གསོ་གཏོང་དགོས། བརྒྱུད་རིམ་དེར་ས་གནས་མི་འདྲ་བའི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཀྱི་ཆུ་ཚད་ལ་བསམ་གཞིག་གང་ལེགས་བྱེད་པ་དང་། ལྷག་པར་དུ་མི་རིགས་མི་འདྲ་བའི་སེམས་ཁམས་ཁྱད་ཆོས་ལ་དམིགས་ནས་ས་གནས་དེ་གའི་མང་ཚོགས་ཀྱིས་དང་ལེན་ཐུབ་པ་དང་དང་ལེན་བྱེད་འདོད་པའི་བྱེད་སྟངས་ལ་བརྟེན་ནས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་དགོས།
མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་གཏོང་བར་ཀུན་ཁྱབ་ཅན་གྱི་དྲིལ་བསྒྲགས་བྱེད་སྟངས་མང་ཙམ་སྤྱོད་དགོས། སྤྱི་ཚོགས་ཆ་འཕྲིན་ཅན་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་དུས་བབ་གསར་པ་དང་འཚམ་པར་བྱས་ཏེ་ལག་རྩལ་གསར་པ་དང་སྨྱན་སྦྱོར་གསར་པ་གང་ལེགས་སྤྱོད་པ་དང་ཐབས་ལམ་མང་པོ་དང་ཕྱོགས་ཡོངས་ནས་དྲིལ་བསྒྲགས་སློབ་གསོ་དང་གསར་གཏོད་བྱེད་སྒོ་སྤེལ་དགོས། སྨྱན་སྦྱོར་དུས་རབས་ཀྱི་ཆ་འཕྲིན་འབོར་ཆེན་མགྱོགས་མྱུར་བརྒྱུད་བསྒྲགས་བྱེད་པའི་རྣམ་པ་ཁོང་དུ་ཆུད་པར་བྱས་ཏེ། དྲིལ་བསྒྲཌ་འགྲེམས་པང་རེ་རེ་རྩ་གཉིས་ཨང་རྟགས་རེ་རེར་སྒྱུར་བ་དང་སྐད་འཕྲིན་དང་དཔོད་ཕྲན་སོགས་ཀྱི་གཞི་རྟེན་མང་ཙམ་སྤྱད་དེ་མི་རིགས་མཐུན་སྒྲིལ་གྱི་ནང་དོན་ཆ་འཕྲིན་དུད་སྣེ་ཡོངས་ལ་ཁྱབ་པར་བྱེད་དགོས།
མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་གཏོང་བར་གདོས་བཅས་ཅན་གྱི་དྲིལ་བསྒྲགས་གཞི་རྟེན་ཧུར་ཐག་གཏོད་དགོས། དྲིལ་བསྒྲགས་སློབ་གསོའི་ཐོན་ཁུངས་གཞི་རིམ་དང་སྡེ་ཁུལ་ལ་ཁ་ཕྱོགས་པ་དང་དམངས་ཚོགས་དཀྱུས་མ་དང་ཉེ་བར་བཅར་ཏེ་དཔེ་སྟོན་ནུས་པ་ཐོན་པའི་སྡེ་ཁུལ་དང་། གྲོང་གསེབ། ཚན་པ། སློབ་གྲྭ དཔུང་སྡེ། དགོན་སྡེ་བཅས་བཏོད་ནས་བྱེད་སྒོ་འཕེལ་རྒྱས་གཏིང་ཟབ་ལ་སྐུལ་འདེད་གཏོང་དགོས། རྒྱལ་དམངས་སློབ་གསོ་དང་། ལས་བྱེད་པའི་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་ཚང་མ་མི་རིགས་མཐུན་སྒྲིལ་སློབ་གསོའི་ནང་དོན་ལ་འཇུག་པ་དང་། མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་། མི་རིགས་ཀྱི་སྲིད་ཇུས། མི་རིགས་ཀྱི་ཤེས་བྱ་བཅས་བསླབ་གཞི་དང་། སློབ་གྲྭ སློབ་ཁང་བཅས་ལ་ཁྱབ་གདལ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་རྣམ་པ་ཟབ་མོ་གཏོད་དགོས།