ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཅུས་དེས་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིའི་བོད་རང་སྐྱོང་ལྗོངས་ཡན་ལག་ཀུང་སི་དང་མཉམ་དུ་ཉེན་རྟོག་དང་སྦྲག་སྲིད་ཕན་ཚུན་མཉམ་ལས་བྱེད་པའི་རྣམ་གྲངས་སྤེལ་ཏེ། སྦྲག་སྲིད་ཀྱི་དྲ་ཐོག་དང་དྲ་ཕྱིའི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱོད་པ་དང་ཆབས་ཅིག མང་ཚོགས་ལ“སྒོ་རྩར་རླངས་འཁོར་དོ་དམ་སུའོ་ཡོད་པ”བྱས་ནས། “སྒོ་རྩ་ནས་འགྲོ་ལུགས་གཉེར་ཐུབ་པ་དང་། ཞབས་འདེགས་ཁྱིམ་དུ་ཞུ་ཐུབ་པའི”དམངས་ཕན་གྱི་ཞབས་ཞུའི་སྲིད་ཇུས་ཀྱི་དམ་བཅའ་མངོན་འགྱུར་ཐུབ་པ་བྱས་ཡོད།
རང་ལྗོངས་ཀྱི་སྦྲག་སྲིད་ཀྱིས་འགྲིམ་འགྲུལ་དོ་དམ་ལས་སྒོ་གཉེར་ས་གཤམ་གསལ་ཏེ།

སྦྲག་སྲིད་དྲ་ཚིགས་ནས་ལས་སྒོ་གང་དག་གཉེར་ཐུབ་བམ།
མིག་སྔའི་བར། ལྗོངས་ཡོངས་ཀྱི་སྦྲག་སྲིད་དྲ་ཚིགས་30ནས“འཕྲུལ་སྒུལ་འཁོར་རིགས་གྱི་གནས་སྐབས་འཁོར་རྟགས་དང་། ལོ་བཤེར་བྱེད་མི་དགོས་པའི་མཚོན་རྟགས། དེ་བཞིན་འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་རྟགས་དང་། འགྲུལ་བཞུད་ལག་ཁྱེར། ཁ་ལོ་བའི་ལག་ཁྱེར། དུས་ཐིམ་ལག་ཁྱེར་བརྗེ་བ”སོགས་ཀྱི་ལས་སྒོ་གཉེར་ཆོག དེས་མ་ཚད། དྲ་སྦྲེལ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་སུ་ཐོ་བཀོད་པ་དང་འཕྲུལ་སྒུལ་འཁོར་རིགས་དྲ་སྦྲེལ་ལས་སྟེགས་སུ་ཐོ་འགོད་སྙན་སེང་བྱེད་ཆོག་པའི་ཆ་རྐྱེན་དང་མཐུན་པའི་ཁ་ལོ་བ་ཡིན་ཚེ། སྦྲག་སྲིད་དྲ་ཚིགས་ཀྱིས་ཁ་ལོ་བར་འགྲིམ་འགྲུལ་སྒྲིག་འགལ་བྱས་པ་རྣམས་མེད་པར་བཟོ་རོགས་བྱེད་ཀྱི་ཡོད།