དབུ་ཤོག>གསར་འགྱུར།
  • བརྩེ་བ་སྤུན་ལས་ལྷག དུང་བ་མཚོ་ལས་ཟབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-31

    ཞོགས་པའི་མཚམས་སྤྲིན་སྟུག་པོར་འཁྲིགས་པའི་སྐབས་སུ་གསར་འགོད་པ་རྫ་ཆུའི་ངོགས་ཀྱི་ཞིང་ཆེན་གཞུང་ལམ་303བརྒྱུད་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་དུ་བསྐྱོད། ཤོ་པ་མདོ་གྲོང་རྡལ་གྱི་ཨར་འདམ་གཞུང་ལམ་གཡས་གཡོན་དུ་བཙུགས་པའི“བོད་རྒྱ་མི་རིགས་ཀྱི་མཐུན་སྒྲིལ་ལྗོན་ཤིང”གསར་འགོད་པའི་མིག་ལམ་དུ་འཆར།

    “བོད་རྒྱ་མི་རིགས་ཀྱི་མཐུན་སྒྲིལ་ལྗོན་ཤིང”དུ་གྲགས་པ་དེ་ནི་མཉམ་དུ་བཏབ་པའི་སྦྱར་པ་དང་རྒྱ་ལྕང་སྡོང་རྐང་གཉིས་ཡིན་ཞིང་། ཤོ་པ་མདོ་གྲོང་ཚོའི་ངག་རྒྱུན་དུ་སྔོན་མ་ཆིང་རྒྱལ་རབས་ཀྱི་བོད་སྡོད་ཨམ་བན་ཤོ་པ་མདོ་གྲོང་ཚོར་བཅའ་སྡོད་བྱེད་རིང་ཐེངས་དང་པོའི་བོད་རྒྱའི་ཁྱོ་ཤུག་གཉིས་ཀྱིས་ལྗོན་ཤིང་དེ་གཉིས་བཏབ་སྟེ། ཁོ་གཉིས་ཀྱི་མི་ཚེ་ལྗོན་ཤིང་དེ་གཉིས་ལྟར་རྩ་བ་ཚུགས་ཤིང་ལོ་འདབ་རྒྱས་པར་ཡོང་བའི་སྨོན་འདུན་མཚོན་པར་བྱས།

    “གཏམ་རྒྱུད་དེ་ད་བར་གྲོང་ཚོར་གྲགས་བཞིན་ཡོད”ཤོ་པ་མདོ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་པ་སངས་ཚེ་རིང་གིས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ད་བར་ཤོ་པ་མདོ་གྲོང་རྡལ་དུ་བཞད་བཞིན་པའི་སྐོར་བརྗོད་བྱུང་།

    པ་སངས་ཚེ་རིང་གིས་ངོ་སྤྲོད་བྱས་པར། ཤོ་པ་མདོ་གྲོང་རྡལ་གྱི་མི་རིགས་མཉམ་འདྲེས་ཀྱི་སྲོལ་རྒྱུན་དེ་སྔ་ཤོས་སུ་ཆིང་རྒྱལ་རབས་ནས་དར་འགོ་ཚུགས་པ་དང་། 1910ལོར་སི་ཁྲོན་གྱི་སྤྱི་ཁྱབ་ཀྲོར་ཧྥུང་གི་དཔུང་སྡེ་ཞིག་རྒྱུ་རྐྱེན་གང་རུང་གིས་རྐྱེན་པས་ཤོ་པ་མདོ་རྫོང་དུ་སྡོད་དགོས་བྱུང་། དམག་མི་ལ་ལ་ས་གནས་དེ་གའི་བུ་མོ་དང་གཉེན་སྒྲིག་བྱས་རྗེས། རྒྱ་རིགས་ཀྱི་འཚོ་བའི་གོམས་གཤིས་གང་མང་གནས་དེར་དར། ད་ཆ་ཤོ་པ་མདོ་གྲོང་རྡལ་སྲིད་གཞུང་གི་ལྷོ་ངོས་རི་འདབས་སུ་ཆིང་རྒྱལ་རབས་སྐབས་ཀྱི་རྒྱ་རིགས་ཀྱི་བང་སོ་བསྡོམས་150ཙམ་ཡོད་པ་རེད།

    ཐག་ཉེ་ཤོས་ནས་བརྗོད་ན། ཤོ་པ་མདོ་བ་དང་མི་རིགས་གཞན་དབར་འབྲེལ་འདྲིས་རྒྱ་ཁྱབ་བྱུང་བ་དེ། དམག་སྡེ་བཅོ་བརྒྱད་པ་བོད་དུ་སྐྱོད་སྐབས་སུ་ཡིན་པ་དང་། 1950ལོའི་ཟླ་11པར་དམག་སྡེ་བཅོ་བརྒྱད་པས་ཆབ་མདོར་བཅིངས་འགྲོལ་བཏང་རྗེས་ཧྲི་ཤོག་52ཀྱི་ཐོན་154ཡི་དམག་སྒར་ཞིག་ད་ལྟའི་ཤོ་པ་མདོ་གྲོང་རྡལ་དུ་བཅའ་སྡོད་བྱས།

    2019ལོའི་ཟླ་9ཚེས་29ཉིན་ཤོ་པ་མདོ་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་དགོན་སྡེའི་དགེ་འདུན་པ་སྒྲིག་འཛུགས་བྱས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་བྱེད་སྒོ་དང་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་དང་། ཐག་འཐེན། བྱེ་སྒྱེ་འདེགས་པ་སོགས་ཀྱི་འགྲན་བསྡུར་སྤེལ་བས་གང་སར་དགའ་སྤྲོའི་རྣམ་པས་ཁེངས། དགོན་སྡེ་དོ་དམ་ཨུ་ལྷན་གྱིས་ད་དུང“བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་བསྟན་དོན་འགྲེལ་བཤད་ཀྱི་རྟགས་གསལ་འགྲན་བསྡུར”ལ་བྱ་དགའ་འཐོབ་མཁན་ལ་གཟེངས་བསྟོད་བྱས་པ་རེད།

    “བོད་དུ་གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་ནི་མངའ་བདག་ཆེན་པོ་གསུམ་མགོ་རྟིང་བསློགས་ནས་མང་ཚོགས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་ཆེད་ཡིན་པ་དང་། ང་ཚོ་ཆོས་ལུགས་ལས་རིགས་མི་སྣའི་ཐོག་མའི་བསམ་འདུན་ནི་དད་ལྡན་མང་ཚོགས་རྣམས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུར་ཁ་ཏ་བསླབ་བྱ་བྱ་རྒྱུ་དེ་ཡིན་པས། དེ་གཉིས་དབར་འགལ་ཟླ་མེད། ང་ཚོའི་ཐོག་མའི་བསམ་འདུན་གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་དང་འབྲེལ་འདྲིས་བྱས་ཚེ། གཞི་ནས་རྒྱལ་སྐྱོང་འགྲོ་ཕན་ཡོང་ཐུབ། ཤོ་པ་མདོ་དགོན་པས་ཟླ་རེར་རྒྱལ་གཅེས་ཆོས་གཅེས་ཀྱི་ནང་དོན་གཅིག་སྡུད་སློབ་སྦྱོང་གི་བྱེད་སྒོ་ཐེངས་བཞི་སྤེལ་ནས་ན་གཞོན་དགེ་འདུན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་གི་ཡོད”ཅེས་ཤོ་པ་མདོ་དགོན་པའི་དམངས་གཙོ་བདག་གཉེར་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཚེ་རྒྱལ་གྱིས་བརྗོད།

    བསྟན་འཛིན་དགྲ་འདུལ་འདི་ལོ་ལོ་40ལ་སླེབས་པ་དང་ལོ་18ལ་ཤོ་པ་མདོ་དགོན་སྡེའི་གྲྭ་པ་བྱས། “སྔོན་མ་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཞན་པའི་རྐྱེན་གྱིས་མུ་མཐུད་སློབ་གྲྭར་འགྲོ་ཐུབ་མེད། ད་ཆ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པས། ང་སེམས་ལྷོད་པོས་ཐོས་བསམ་སྒོམ་གསུམ་ལ་གཞོལ་བཞིན་ཡོད”ཅེས་བཤད།

    “མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཤོ་པ་མདོའི་མི་དམངས་ཀྱི་ཁྲག་རྒྱུན་དུ་འདྲེས་ཡོད”ཅེས་པ་སངས་ཚེ་རིང་གིས་བཤད།

    འདི་ལོ་ལོ་51ལ་སླེབས་པའི་སྨིན་དྲུག་གི་བུ་མོ་གཉིས་ཀྱི་མག་པ་ནི་རྒྱ་རིགས་ཡིན་པ་དང་བུ་མོ་ཆུང་བ་ཟླ་ལགས་སི་དང་མག་པ་མ་ཐུའུ་ཧྭ་ནི་ལས་ཀ་བྱེད་ས་ནས་ངོ་ཤེས་ཏེ་2015ལོར་གཉེན་སྒྲིག་བྱས་པ་དང་། མ་ཐུའུ་ཧྭ་ནི་སི་ཁྲོན་ཕན་ཀྲེ་ཧྭ་ནས་ཡིན་པ་དང་ད་ཆ་ཤོ་པ་མདོ་གྲོང་རྡལ་དུ་སྡོད་ཀྱི་ཡོད།

    སྨིན་དྲུག་གིས་མི་རིགས་གང་ཡིན་ཁྱད་པར་མེད། མཐུན་སྒྲིལ་དམ་ཟབ་དང་བདེ་སྐྱིད་འཚོ་བར་རོལ་རྒྱུ་དེ་འགག་རྩ་རེད་ཅེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།