སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་དོན་འཁྱོལ་བྱ་ཆེད། ཟླ་3ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་སུན་ཁྲུན་ལན་གྱིས་རིམས་འགོག་གི་འཐབ་ས་དང་པོའི་སྨྱན་སྦྱོར་གྱི་གསར་འགོད་པ་དང་བཞུགས་མོལ་བྱས་པ་རེད། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་རིམས་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་གསར་འགྱུར་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཁྱེད་ཚོས་ཡང་འབད་བསྐྱར་འབད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་རིམས་འགོག་གི་གཏམ་རྒྱུད་ཡག་པོ་བརྗོད་ནས་གདེང་ཚོད་ཆེ་རུ་གཏོང་བ་དང་། མི་སེམས་ལ་དྲོ་སྐྱིད་སྦྱིན་པ། དམངས་སེམས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
བཞུགས་མོལ་གནང་རིང་། སྨྱན་སྦྱོར་གསར་འགོད་པའི་འཐུས་མི་བརྒྱད་ཀྱིས་དེབ་སྨྱུག་དང་། སྐད་སྦུག པར་ཆས་བཅས་ལ་བརྟེན་ནས་བཀོད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་རིང་གི་ཉིན་མཚན་རེ་རེ་དང་བརྗེད་པར་དཀའ་བའི་གནས་ཚུལ་རྣམས་བརྗོད་པ་རེད། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། གསར་འགྱུར་ལས་དོན་པ་445ཡིས་རང་འགུལ་ངང་འདུན་ཞུ་ཕུལ་ཏེ། ཝུའུ་ཧན་དུ་བསྐྱོད་ནས་ས་གནས་དེའི་སྨྱན་སྦྱོར་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་པ་དང་། འཕྲལ་མ་ཉིད་དུ་ཕྱོགས་ཡོངས་ནས་རིམས་ནད་སྐྱོབ་བཅོས་དང་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་སྤེལ་གཏོང་བྱས་པ་མ་ཟད། གསར་འགྱུར་བརྩམས་ཆོས་རྩེ་གྲ་ཁྲི་50ལྷག་ཙམ་སྒྲིག་བཟོ་བྱས་པ་དང་དམངས་འཚོའི་རེ་འདུན་ཁྲི་2ལྷག་ཙམ་རྒྱུན་མཐུད་འཚོལ་བསྡུ་བྱས་ནས་གོང་འབུལ་ཞུས་ཡོད། སུན་ཁྲུན་ལན་གྱིས་སྨྱན་སྦྱོར་གསར་འགོད་པས་དཀའ་ཉེན་ལ་མི་སྐྲག་པར་འཐབ་ས་དང་པོར་བསྐྱོད་དེ། སྨན་ཁང་དང་། སྟབས་བསྟུན་སྨན་ཁང་། ནད་ཚབས་ལྕི་བའི་ནད་ཁང་སོགས་ནས་ཤི་ཉེན་ལ་མི་འཛེམ་པར་རིམས་ནད་དམག་འཐབ་ཀྱི་གནས་ཚུལ་ཟིན་ཐོ་བཀོད་པ་དང་། བརྩེ་བ་ཟབ་མོ་བཅངས་ནས་རིམས་འགོག་གི་མི་སེམས་འགུལ་བའི་བྱས་རྗེས་གླེང་བ། རྒྱ་ཆེའི་མང་ཚོགས་ཀྱི་དཀའ་ངལ་དང་གནད་དོན་དྲང་པོ་དྲང་གཞག་བརྗོད་པས། དངོས་ཐོག་བདེན་འཚོལ་དང་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་ལས་རིགས་ཀྱི་སྤྱོད་ལམ་དང་། སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པ། རང་དོན་རྒྱབ་སྐྱུར་ངང་འབད་འཐབ་བྱེད་པའི་བླ་ན་མེད་པའི་སྙིང་སྟོབས་བཅས་མཚོན་ཡོད། ཁྱེད་ཚོ་ནི་རིམས་འགོག་འཐབ་འཛིང་པ་དང་རིམས་འགོག་གི་དཔའ་བོ་རེད། ཁྱེད་ཚོས་ཧུའུ་པེའི་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་གཅིག་སྒྲིལ་ཐུབ་པ་བྱས་ནས། འཐབ་ས་དང་པོའི་འཐབ་གྲོགས་ཀྱི་སེམས་ཤུགས་འཕེལ་རྒྱུར་ལྕག་སྐུལ་ཆེན་པོ་བྱས་ཡོད་ཅེས་གསུངས་པ་རེད།
སུན་ཁྲུན་ལན་གྱིས་མིག་སྔར་ཝུའུ་ཧན་འཐབ་ས་གཙོ་བོར་བྱས་པའི་རྒྱལ་ཡོངས་ཀྱི་ས་གནས་དེ་རང་གི་རིམས་ནད་མཆེད་རྒྱུ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་ཡོད། འོན་ཀྱང་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་དུ་ཐོན་རྒྱུ་འགོག་པའི་ལས་འགན་སྔར་བཞིན་ལྕི་པོ་ཡོད། རེ་བར་ཚང་མས་མཇུག་བསྡུ་དུས་འགོ་འཛུགས་སྐབས་བཞིན་གཟབ་ནན་བྱེད་པ་དང་། སྣང་མེད་ལྷོད་གཡེང་མི་བྱེད་པ། དམག་འཐབ་ལ་སུན་སྣང་མི་བྱེད་པ། ལྷོད་གཡེང་མི་གཏོང་བ་བཅས་བྱས་ནས་གཅིག་ནས་ཟིན་ཐོ་འགོད་མཁན་ཞིག་བྱེད་དགོས་ལ། གཅིག་ཤོས་ནས་དམག་འཐབ་པ་ཞིག་བྱས་ནས་གཙོ་ཤུགས་དམག་དང་། ཐབས་ལམ་གཙོ་བོ། འཐབ་ས་གཙོ་བོ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། སྨན་བཅོས་སྐྱོབ་བཅོས་དང་། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། ལས་གནས་དང་ཕ་ཡུལ་དུ་ཕྱིར་ལོག་བྱེད་པ་སོགས་ཀྱི་དྲིལ་བསྒྲགས་ལ་སྤྱི་འདོམས་ཡག་པོ་བྱེད་པ། ཀྲུང་གོའི་རིམས་འགོག་གི་ཉམས་མྱོང་དང་བྱ་ཐབས་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ། གདེང་ཚོད་བརྟན་དུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་དྲང་ནུས་དེ་བས་མང་བ་སྣོན་དགོས་པའི་ནན་བཤད་གནང་བ་རེད།