ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱེད་རྒྱུ་དེ་རེད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པའི་ལོ་61གི་ལོ་རྒྱུས་ནི། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅིངས་འགྲོལ་དང་ཡར་ལངས་ཐུབ་པར་བྱས་པའི་ལོ་རྒྱུས་ཤིག་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཕྱུག་པོ་ཆགས་པར་བྱས་པའི་ལོ་རྒྱུས་ཤིག བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བར་བྱས་པའི་ལོ་རྒྱུས་ཤིག་རེད། རླབས་ཆེན་གྱི་ལོ་རྒྱུས་དང་གསོན་ཉམས་དོད་པའི་ལག་ལེན་ལས་གཞོམ་ཞིག་མེད་པའི་བདེན་དོན་ཞིག་གསལ་སྟོན་ཐུབ་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ། སྒྱུར་བཅོས་སྒོ་དབྱེ་བྱས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་བསྐྱོད་པ་བཅས་ནི་ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་ཡིན་པ་དེ་རེད།
ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དམངས་གཙོའི་བཅོས་སྒྱུར་བྱས་ནས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ལེགས་སྒྲུབ་བྱས་པ་ནི་ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་ཞིག་རེད། ཉེ་རབས་ཚུན་དུ། བོད་ཀྱི་མི་རིགས་ཁག་གི་ངལ་རྩོལ་མང་ཚོགས་ལ་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་། བོད་རྙིང་པ་དང་དེའི་ལོག་སྤྱོད་དང་། མུན་ནག རྗེས་ལུས། གདུག་རྩུབ་བཅས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གཉའ་གནོན་ཉིས་བརྩེགས་ཕོག་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཀྲུང་གོ་གུང་ཁྲན་ཏང་གིས་གཟི་བརྗིད་ལྡན་པའི་འགན་འཁྲི་དང་བླ་ན་མེད་པའི་ལས་འགན་ཕྲག་ཐོག་ཏུ་འཁུར་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་སྡུག་བསྔལ་ལས་བསྐྱབས་ཤིང་། 1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བས་བོད་འདི་དུས་ནམ་ཡང་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་གཉའ་གནོན་ལས་ཐར་ཡོད། ཞི་བས་བཅིངས་འགྲོལ་བཏང་རྗེས། བོད་མི་དམངས་ཀྱིས་ལོ་བརྒྱད་བལྟས་པ་དང་ལོ་བརྒྱད་བསྡུར་བ་བྱས་པ་བརྒྱུད། གུང་ཁྲན་ཏང་གི་འགོ་ཁྲིད་ཁོ་ནས་མ་གཏོགས་བོད་ལྗོངས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་མི་ཐུབ་པ་ངོས་འཛིན་གཏིང་ཟབ་བྱུང་ཞིང་། རྒྱ་ཆེའི་མི་དམངས་མང་ཚོགས་དང་མཐོ་རིམ་རྒྱལ་གཅེས་ཡར་ཐོན་མི་སྣས་དམངས་གཙོའི་བཅོས་སྒྱུར་བྱེད་དགོས་པའི་རེ་བ་ཆེན་པོ་བཏོན་ནས་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་འགལ་རྐྱེན་ཚབས་ཆེན་བཟོ་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་ཡོད། མི་དམངས་ཀྱི་རེ་འདུན་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ནི་འགོག་ཐབས་མེད་པ་ཞིག་ཡིན་པས། 1959ལོར་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མཇུག་འགྲིལ་ཉེར་སླེབས་ཡོད། འོན་ཀྱང་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་ལོ་རྒྱུས་ཀྱི་གར་སྟེགས་ལས་ཕྱིར་བཤོལ་བྱེད་མི་འདོད་པར། “གྲོས་མཐུན་དོན་ཚན་བཅུ་བདུན”ལ་གཏོར་བཤིག་བཏང་བ་དང་། བོད་ཀྱི་སྤྱི་ཚོགས་སྒྱུར་བཅོས་ལ་འགོག་རྐྱེན་བཟོ་བའི་ལྐོག་གཡོ་སྣ་ཚོགས་བཤམས་ཤིང་།
1959ལོར་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པའི་བར་ལོ་རྒྱུས་ཀྱི་རླབས་རྒྱུན་ལས་ལྡོག་སྟེ། ཁོ་པ་ཚོའི་བཙན་པོ་དབང་ཡོད་ཀྱི་བདེ་བ་ཅན་གྱི་ཞིང་ཁམས་དེ་ནམ་ཡང་གནས་རྒྱུའི་རེ་ངན་བཅངས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་སེམས་མགུ་བ་དང་། དམངས་ཀྱི་འདོད་པར་བསྟུན་པ། དུས་རབས་ཀྱི་མདུན་གྲལ་དུ་ལངས་པ་བཅས་བྱས་ནས་ཚ་ཚ་འུར་འུར་དང་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་ལ་འགོ་ཁྲིད་བྱས་ཏེ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་གཏོར་ཐེངས་གཅིག་ལ་རྩ་མེད་བཏང་ནས་བོད་དུ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་ལོ་རྒྱུས་ཀྱི་ལས་འགན་ལེགས་སྒྲུབ་བྱས་པ་དང་འབྲེལ། བོད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་ནས་མི་དམངས་དམངས་གཙོའི་རླབས་ཆེན་གྱི་ཕྱོགས་སུ་མཆོང་སྐྱོད་ཡོང་བར་བྱས་ཡོད།
ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དང་སྒྱུར་བཅོས་སྒོ་དབྱེ་བྱས་པ་ནི་ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་རེད། ལོ་རྒྱུས་ཀྱི་འཁོར་ལོ་དུས་ནམ་ཡང་མདུན་ཕྱོགས་སུ་འཁོར་ཞིང་། དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད་བོད་མི་དམངས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཡར་ལངས་ཡོད། ཏང་གི་འགོ་ཁྲིད་འོག་བོད་མི་དམངས་ཀྱིས་བློ་སྟོབས་ཆེར་སྐྱེད་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་གོམ་ཞེང་ཆེན་པོས་བསྐྱོད་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་ལེགས་སྒྲུབ་བྱས་རྗེས། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་ཕྱོགས་ཡོངས་ནས་ལག་བསྟར་ཐུབ་པ་ལས། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་དུ་བསྐྱོད་པ་མཚོན་ཡོད། བོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་ནི། དམངས་གཙོའི་བཅོས་སྒྱུར་གྱི་ལྡོག་མེད་འབྲས་བུ་ཞིག་དང་། ལོ་རྒྱུས་འཕེལ་རྒྱས་ཀྱི་ལྡོག་མེད་འབྲས་བུ་ཞིག བོད་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་འབྲས་བུ་ཞིག་བཅས་ཡིན་པས། བོད་ལྗོངས་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་བསྐྲུན་པ་དང་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། སྒྱུར་བཅོས་སྒོ་དབྱེ་ནི་དེང་སྐབས་ཀྲུང་གོའི་ལས་དབང་གཏན་འཁེལ་བྱེད་པའི་འགག་རྩའི་བྱ་ཐབས་ཤིག་ཡིན་ལ། དེང་སྐབས་བོད་ཀྱི་ལས་དབང་གཏན་འཁེལ་བྱེད་པའི་འགག་རྩའི་བྱ་ཐབས་ཤིག་ཀྱང་རེད། ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་བོད་ཀྱི་དོན་དངོས་ཟུང་འབྲེལ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མཛུབ་ཁྲིད་དུ་བྱེད་པ་དང་། “ཕན་པ་ཡོད་པ་གསུམ”གྱི་ཚད་གཞི་མཐའ་འཁྱོངས་བྱེད་པ། བསམ་བློའི་འགོག་རྐྱེན་མཐའ་དག་སེལ་བ། ཏཱ་ལའི་རུ་ཚོགས་ཀྱི་འགལ་རྐྱེན་དང་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་བཀག་འགོག་བྱེད་པ། བོད་ལྗོངས་རྒྱལ་ཡོངས་དང་མཉམ་དུ་སྒྱུར་བཅོས་སྒོ་དབྱེའི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་བ། བོད་མི་དམངས་ཀྱིས་སྒྱུར་བཅོས་སྒོ་དབྱེར་བརྩི་སྲུང་ཚད་མེད་ཞུ་བ། སྒྱུར་བཅོས་སྒོ་དབྱེར་ཧུར་ཐག་ཞུགས་པ་བཅས་བྱས་པ་བརྒྱུད། གངས་ལྗོངས་ས་མཐོར་སྒྱུར་བཅོས་ཀྱི་དཔྱིད་རླུང་རབ་ཏུ་ལྡང་བ་དང་སྒོ་དབྱེའི་ཚ་རླབས་འཕྱུར་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་སྔ་རྗེས་སུ་འཚོགས་ཏེ་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་སོགས་ཕྱོགས་གང་ཅིའི་ཐད་ནས་དམིགས་བསལ་གཟིགས་སྐྱོང་དང་རྒྱབ་སྐྱོར་ཤུགས་ཆེན་དང་། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པས། བོད་ཀྱི་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཀུན་དང་། རིམ་པ་མཐོ་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་སྟངས་འཛིན་ནན་པོ་གནང་བ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདོད་གསར་པ་དང་བསྟུན་ནས། བོད་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་བརྩིས་པ་དང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པའི་རྣམ་བཤད་གལ་ཆེན་བཏོན་པ། བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་གཏན་འཁེལ་བྱས་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་བ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་པ། སྔར་བྱུང་མྱོང་མེད་པའི་སྲིད་ཇུས་བྱ་ཐབས་མང་པོ་སྤྱད་པ་བཅས་ཀྱིས། བོད་ལྗོངས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་བསྐྱོད་རྒྱུར་སྐུལ་འདེད་བཏང་བ་བརྒྱུད། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད།
ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་ལས་བོད་ལྗོངས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེང་གི་བོད་ལྗོངས་སུ་མི་དམངས་རང་ཁྱིམ་རང་བདག་དང་། དཔལ་འབྱོར་འཕེལ་རྒྱས་མྱུར་པོ། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན། སྣོད་བཅུད་རྒྱུན་མཐུད་བཟང་བ། མི་དམངས་འཚོ་བ་འབྱོར་ཕྱུག མི་རིགས་མཐུན་སྒྲིལ་འཆམ་མཐུན་བཅས་བྱུང་ནས་གངས་ལྗོངས་ས་མཐོར་ཉི་འོད་རབ་ཏུ་འཕྲོ་བ་དང་མི་རིགས་ཁག་གི་བུ་ཕྲུག་དཔྱིད་རླུང་ཁྲོད་དུ་སྤྲོ་སེམས་རབ་ཏུ་འཕེལ་ཡོད།
ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་ནི་འགོག་ཐབས་མེད་པའི་ཆོས་ཉིད་ཅིག་རེད། ཏཱ་ལའི་རུ་ཚོགས་ཀྱིས་ལོ་རྒྱུས་དང་མི་དམངས་དགྲར་བཟུང་ནས་རླབས་ཆེན་གྱི་དམངས་གཙོའི་བཅོས་སྒྱུར་ཁས་མི་ལེན་པའི་རེ་ངན་འཆང་བ་ནི་སྐེ་ཁྱེར་ནས་ཞགས་པ་ཉོས་པ་ཞིག་རང་རེད། “ཁྱེད་ཚོའི་ལུས་དང་གྲགས་པ་ཉམས་གྱུར་ཀྱང་། ཆད་མེད་ཆུ་རྒྱུན་སྲིད་མཐའི་བར་དུ་བཞུར”དམངས་གཙོའི་བཅོས་སྒྱུར་གྱི་མཛད་རྗེས་དུས་ནམ་ཡང་གནས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ལོ་རྒྱུས་ཐོག་ཡག་ཤོས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་མདུན་ལམ་ཆེན་པོ་ལྡན་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྡུག་བསྔལ་གྱི་རྒྱ་མཚོ་དང་འཁོན་འགྲས་ཆེན་པོ་དུས་ནམ་ཡང་སེམས་ལ་ངེས་པ་དང་། གུང་ཁྲན་ཏང་གི་བཀའ་དྲིན་ནམ་ཡང་སེམས་ལ་བརྟན་པོར་ངེས་སྲིད། ད་ཆ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་འབད་འཐབ་ལྷོད་མེད་བྱེད་བཞིན་ཡོད།