ཚེས་23ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རིམས་འགོག་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ལ་མུ་མཐུད་ཀྲུང་གོའི་ཁེ་ལས་དང་དམངས་ཁྲོད་སྒྲིག་གཞིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིམས་འགོག་ཐད་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུར་མཐུན་སྦྱོར་དང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
གསར་འགོད་པ་ཞིག་གིས། ཨ་ཧྥེ་རི་ཁ་ནི་རྒྱལ་སྤྱིའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་ཉམས་ཞན་ལྷུ་ཚིགས་ཤིག་རེད། མིག་སྔར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་ཆེ་བར་རིམས་ནད་ཐོན་པ་དང་། ཨ་ཧྥེ་རི་ཁའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་དུས་མཚམས་རྗེས་མར་ཨ་ཧྥེ་རི་ཁར་རིམས་ནད་ཐོན་ཚབས་ཆེས་ཆེར་འགྲོ་སྲིད་པའི་སྔོན་དཔག་བྱས་ཡོད། མཱ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དང་ཨ་ལི་པཱ་པཱ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིམས་འགོག་དངོས་ཟོག་ཞལ་འདེབས་བརྒྱབ་པ་མ་ཟད། ཚེས་22ཉིན་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པ་རུ་འབྱོར་ཡོད། མིག་སྔར་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རིམས་འགོག་ལ་རོགས་སྐྱོར་བྱེད་པའི་གནས་ཚུལ་ཧྲིལ་པོ་ངོ་སྤྲོད་གནང་ན་ཆོག་གམ་ཞེས་དྲིས།
ཀེང་ཧྲོང་གིས་ཀྲུང་ཧྥེ་ནི་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། སྤུན་གྲོགས་ཡག་པོ་བཅས་ཡིན་པས་ཕྱོགས་གཉིས་པོས་སྔར་ནས་ད་བར་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད། ཀྲུང་གོར་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ས་ཁུལ་གྱི་རྩ་འཛུགས་ཀྱིས་ཐབས་ཤེས་མི་འདྲ་བར་བརྟེན་ནས་ཀྲུང་གོའི་རིམས་འགོག་བྱ་སྤྱོད་ལ་ངག་ཐོག་གི་རྒྱབ་སྐྱོར་དང་རྩ་ཆེའི་རོགས་སྐྱོར་ནུས་ལྡན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རིམས་ནད་ཀྱི་དུས་བབ་ལ་དོ་ཁུར་ཆེན་པོ་བྱས་ཏེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་ལ་བརྟག་དཔྱད་ཚོད་ལྟའི་སྨན་རྫས་དང་སྨན་སྤྱོད་འགོག་སྲུང་དངོས་རྫས་སོགས་ཀྱི་དངོས་ཟོག་སྣ་ཚོགས་རོགས་སྐྱོར་ཧུར་ཐག་བྱས་པ་ཡིན་ལ་དངོས་ཟོག་ཁག་གཅིག་ཀྱང་འབྱོར་ཟིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་རིམས་འགོག་གི་ཉམས་མྱོང་སྤེལ་རེས་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་ནས་ཧྥེ་སྐྱོར་སྨན་བཅོས་རུ་ཁག་གིས་རང་གནས་སའི་རྒྱལ་ཁབ་ཀྱི་རིམས་འགོག་བྱ་སྤྱོད་ནང་ཧུར་ཐག་ཞུགས་རྒྱུའི་སྐུལ་སློང་བྱས་པ་ཡིན། ཀྲུང་གོའི་ཁེ་ལས་དང་། དམངས་ཁྲོད་སྒྲིག་གཞི། ཨ་ཧྥེ་རི་ཁར་ཡོད་པའི་ཕྱིར་སྡོད་རང་མི་བཅས་མང་པོ་ཞིག་གིས་ཨ་ཧྥེ་རི་ཁར་རང་འགུལ་ངང་རོགས་སྐྱོར་བྱས་ཡོད་ཅེས་བརྗོད་པ་རེད།
ཁོང་གིས“ང་ཚོས་མཱ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དང་ཨ་ལི་པཱ་པཱ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིམས་འགོག་དངོས་ཟོག་ཞལ་འདེབས་བརྒྱབ་པའི་དགེ་ལས་ལ་བསྔགས་བརྗོད་བྱ་རྒྱུ་ཡིན། དེ་ཐོག་ནས་ཀྲུང་གོ་མི་དམངས་ཀྱིས་ཨ་ཧྥེ་རི་ཁའི་མི་དམངས་ལ་བཅངས་པའི་མཛའ་སེམས་གསོན་ཉམས་དོད་པོས་མཚོན་ཐུབ”ཅེས་བརྗོད།
ཀེང་ཧྲོང་གིས་གོམ་སྟབས་རྗེས་མར་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རིམས་འགོག་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན། ཀྲུང་གོ་སྲིད་གཞུང་གིས་ཛ་དྲག་ངང་རོགས་སྐྱོར་བྱས་པའི་རིམས་འགོག་དངོས་ཟོག་ཁག་བགོས་ཀྱིས་ཨ་ཧྥེ་རི་ཁར་འབྱོར་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་མུ་མཐུད་ཀྲུང་གོའི་ཁེ་ལས་དང་དམངས་ཁྲོད་སྒྲིག་གཞིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིམས་འགོག་ཐད་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུར་མཐུན་སྦྱོར་དང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།