འདི་ནི་ཟླ་3ཚེས་21ཉིན་སར་པི་ཡའི་རྒྱལ་ས་པེལ་ཀེ་རེ་ཏེ་རུ་སར་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་རིམས་འགོག་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མིས་མཉམ་དུ་པར་རྒྱག་བཞིན་པ།
སར་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་བཅས་པའི་མི་6ཚེས་21ཉིན་གྱི་དགོང་མོར་ཆེད་སྤྱོད་གནམ་གྲུར་བསྡད་དེ་སར་པི་ཡའི་རྒྱལ་ས་པེལ་ཀེ་རེ་ཏེར་འབྱོར་བ་དང་། ཀྲུང་གོ་སྲིད་གཞུང་གིས་ཞལ་འདེབས་བརྒྱབ་པའི་སྨན་བཅོས་དངོས་ཟོག་ཁག་གཅིག་ཀྱང་མཉམ་དུ་འབྱོར་བ་རེད།
སར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་གནམ་ཐང་དུ་ཕེབས་ནས་སྣེ་ལེན་ཞུས་པ་མ་ཟད། རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མིར་གྲུ་མོ་གཏུགས་ནས་འཚམས་འདྲི་ཞུས་པ་རེད། སར་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་པོ་དང་སར་པི་ཡའི་འཕྲོད་བསྟེན་པུའི་པུའུ་ཀྲང་ལུང་ཁྲར། རྒྱལ་སྲུང་པུའི་པུའུ་ཀྲང་ཝུའུ་ལིན་སོགས་དཔོན་རིགས་སྣེ་ལེན་མཛད་སྒོར་ཞུགས་པ་རེད།
ཝུའུ་ཆི་ཆིས་ཤིས་ཚིག་སྒྲོན་སྐབས་ཀྲུང་གོ་ཕྱོགས་ཀྱིས་རོགས་རམ་གནང་བར་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ཀྲུང་གོའི་འགོ་ཁྲིད་དང་ཀྲུང་གོ་གུང་ཁྲན་ཏང་། དེ་བཞིན་ཀྲུང་གོ་མི་དམངས་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་གསུངས་དོན། སར་པི་ཡའི་ངོས་ནས་བརྗོད་ན། ཀྲུང་གོའི་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་སྨན་བཅོས་དངོས་ཟོག་ཧ་ཅང་གལ་ཆེན་པོ་ཡིན། དེས་ཚེ་སྲོག་སྐྱོབ་ཐུབ་པ་མ་ཟད། སར་པི་ཡར་དཀའ་ངལ་ཆེ་ཤོས་འཕྲད་པའི་སྐབས་ཀྲུང་གོས་མཛའ་གྲོགས་ཀྱི་རྣམ་འགྱུར་མཚོན་པར་བྱས་ཡོད་ཅེས་བརྗོད།
ཁྲེན་པོ་ཡིས་བརྗོད་དོན། ཀྲུང་སར་རྒྱལ་ཁབ་གཉིས་པོ་ནི་སྐྱིད་སྡུག་མཉམ་མྱོང་གི་སྤུན་ཟླ་ཡིན་པས་འགྱུར་མེད་ཀྱི་མཛའ་གྲོགས་ལྡན་ཡོད། ད་ཆ་སར་པི་ཡར་རིམས་ནད་ཚབས་ཆེན་གྱི་རྡབ་རྡེག་ཕོག་སྐབས། དངོས་ཟོག་གྲབས་གསོག་དང་ཡང་ན་སྨན་དོན་མི་སྣའི་ཉམས་མྱོང་སོགས་ཀྱི་ཐད་མི་འདང་ས་མང་པོ་ཡོད། ཀྲུང་གོ་སྲིད་གཞུང་གིས་སར་པི་ཡ་ཕྱོགས་ལ་རིགས་གཅིག་མཁས་ཅན་ཚོགས་ཆུང་མངགས་གཏོང་བྱས་པ་མ་ཟད། སྨན་བཅོས་དངོས་ཟོག་མཁོ་འདོན་བྱས་པ་དེས་ཁོང་ཚོའི་རིམས་ནད་ལས་རྒྱལ་བའི་ཡིད་ཆེས་དང་ཆོད་སེམས་ལ་སྐུལ་ལྕག་ཤུགས་ཆེན་ཐེབས་ཡོད།
རིགས་གཅིག་མཁས་ཅན་ཚོགས་ཆུང་དེ་ཀྲུང་གོའི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྒྲིག་འཛུགས་དང་ཀོང་ཏུང་ཞིང་ཆེན་འཕྲོད་བསྟེན་ཨུ་ལྷན་གྱིས་མངགས་གཏོང་བྱས་པ་དང། ཁོངས་མི་རྣམས་ཀོང་ཏུང་ཞིང་ཆེན་རིམས་འགོག་ལྟེ་གནས་དང་། ཀོང་ཏུང་ཞིང་ཆེན་མི་དམངས་སྨན་ཁང་། ཀྲུང་ཧྲན་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོ། ཀྲུང་ཧྲན་སློབ་ཆེན་ཞོར་གཏོགས་སྨན་ཁང་གསུམ་པ་བཅས་སོ་སོ་ནས་ཡོང་བ་དང་། འགོས་ནད་འགོག་བཅོས་དང་། དབུགས་ལམ་དང་ཉེན་ཆེའི་ནད། འགོས་ནད། སེམས་ཁམས་སོགས་ཀྱི་ཆེད་ལས་ཚུད་ཡོད།
སར་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་ཕྱོགས་ཀྱིས་སར་པི་ཡ་ཕྱོགས་ལ་བསྡོམས་ཏུན་16དང་སྨི་རྒྱ་དཔངས་གྲུ་བཞི་120ཡོད་པའི་སྨན་བཅོས་དངོས་ཟོག་སྟེ། དབུགས་རྔུབ་གཏོང་འཕྲུལ་ཆས་དང་། ཁ་རས། འགོག་སྲུང་གྱོན་གོས་སོགས་ཞལ་འདེབས་བརྒྱབ་པ་དང་། ཁག་གཉིས་སུ་དབྱེ་ནས་སར་པི་ཡར་སྐྱེལ་རྒྱུ་རེད། དེ་ཉིན་འབྱོར་བའི་དངོས་ཟོག་ཁག་དང་པོའི་ཐོག་རྒྱ་ཡིག་དང་སར་པི་ཡའི་ཡི་གེའི་ཐོག་ནས“གྲོགས་པོ་བློས་ཐུབ། སྐྱིད་སྡུག་མཉམ་མྱོང”ཞེས་བྲིས་ཡོད་པ་རེད།