དབུ་ཤོག>གསར་འགྱུར།
  • ཀྲུང་གོས་ཡོ་རོབ་དང་ཨེ་ཤེ་ཡ་དང་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་གྱི་རྒྱལ་ཁབ་དང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-03-24

    ཚེས་20ཉིན། ཀྲུང་གོས་ཡོ་རོབ་དང་ཨེ་ཤེ་ཡ་དང་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་གྱི་རྒྱལ་ཁབ་དང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ་རེད།

    ཇོར་ཇི་ཡ་དང་། ཨར་མེ་ཉི་ཡ། ཨ་ཟེར་བྷེ་ཇན། ཡུག་རེན། ཨ་ཧྥུ་ཀ་ནི་སི་ཐན་སོགས་ཡོ་རོབ་དང་ཨེ་ཤེ་ཡ་དང་། ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་གྱི་རྒྱལ་ཁབ་19ཡི་སྲིད་གཞུང་གི་དཔོན་རིགས་དང་། འཕྲོད་བསྟེན་རིགས་གཅིག་མཁས་ཅན། དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་ཏུ་བཅའ་སྡོད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྐུ་ཚབ་སོགས་མི་200ལྷག་ཙམ་ཚོགས་འདུར་ཞུགས་ཡོད།

    བརྙན་ལམ་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གནས་ཚུལ་གསར་ཤོས་ངོ་སྤྲོད་བྱས་པ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་བའི་འོག་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཆ་ཚང་ཤོས་དང་། མཐའ་འཁྱོལ་ཤོས། ནན་ཤོས་བཅས་ཀྱི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྤྱད་པ་ནན་བཤད་བྱས་ཡོད། མིག་སྔར། ཀྲུང་གོའི་མངའ་ཁོངས་ནང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ངང་ལེགས་སུ་འགྲོ་བ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཡོང་བཞིན་ཡོད།

    ཀྲུང་གོ་ཕྱོགས་ཀྱིས་ནན་བཤད་བྱས་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཡོངས་བསྒྲགས་ཁ་གསལ་དང་འགན་འཁུར་བའི་རྣམ་འགྱུར་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་བྱས་ཡོད། རྒྱལ་ཁབ་རེ་ཟུང་གིས་ཀྲུང་གོས་རིམས་ནད་འགོག་རྒོལ་བྱེད་པར་མིང་ཆད་ངན་པ་བཟོ་རྩིས་བྱས་ནས་ཀྲུང་གོས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་དམའ་འབེབས་བྱེད་པ་དེ་ནི་མིའི་བློ་ལ་མ་བབས་པ་ཞིག་རེད། རིམས་ནད་འགོག་རྒོལ་བྱེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་དང་རོགས་ལས་བྱེད་དགོས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ལྟ་རེས་སྐྱོང་རེས་དང་ཕྱར་བ་གྲུ་འདེགས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ས་ཁུལ་དང་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ཡིན།

    ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཀའོ་ཕུའུ་དང་། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་དབུ་བཞུགས་རིམས་ནད་རིག་པའི་རིགས་གཅིག་མཁས་ཅན་ཝུའུ་ཙུན་ཡིའུ། པེ་ཅིང་སློབ་ཆེན་སྨན་ཁང་དང་པོའི་དབུགས་ལམ་དང་ནད་གཞི་ཚབས་ཆེའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་ཝང་ཀོང་ཧྥ། འགག་སྒོ་སྤྱི་ཁྱབ་ཧྲུའི་འཐུས་མི་སོགས་ཀྱིས་རིམས་ནད་ཀྱི་འཕེལ་ཕྱོགས་དང་། ཁྱད་ཆོས། དེ་བཞིན་ཀྲུང་གོ་ཕྱོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ནད་ཐོག་སྨན་བཅོས། འགག་སྒོའི་ནད་ཡམས་ཞིབ་བཤེར་སོགས་ཐད་ཀྱི་ཉམས་མྱོང་དང་བྱེད་ཐབས་ངོ་སྤྲོད་ཞིབ་ཕྲ་གནང་བ་མ་ཟད། ཕྱི་ཕྱོགས་ཀྱིས་འདོན་པའི་གནད་དོན་80ལྷག་ཙམ་ལ་ལན་ཡང་བཏབ་པ་རེད། ཚོགས་འདུ་དེ་ཆུ་ཚོད་4ལྷག་ཙམ་རྒྱུན་མཐུད་དེ་འཚོགས་པ་རེད།

    ཕྱོགས་ཁག་གི་སྐུ་ཚབ་ཚོས་ཀྲུང་གོས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནུས་ལྡན་སྤྱད་པ་དང་འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་འཕྲལ་དུ་ད་རེས་ཀྱི་ཚོགས་འདུ་འདི་འཚོགས་པར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཚང་མས་ད་རེས་ཀྱི་ཚོགས་འདུར་དམིགས་སའི་རང་བཞིན་ཆེ་བས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སུ་གནས་པའི་ས་ཁུལ་དང་རྒྱལ་ཁབ་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་ངོས་ནས་བརྗོད་ན་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་དང་། རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལག་གདང་སྦྲེལ་ཏེ་རིམས་འགོག་གི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་ཟོལ་མེད་རེ་བ་འཆང་བཞིན་ཡོད།

    ཏུར་མེན་སི་ཐན་འཕྲོད་བསྟེན་དང་སྨན་བཅོས་བཟོ་ལས་པུའི་པུའུ་ཀྲང་གཞོན་པ་ཀེ་ལེ་ཅའོ་ཕུའུ་ཡིས། ཀྲུང་གོ་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པར་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། ཏུར་མེན་སི་ཐན་ཕྱོགས་ཀྱིས་དེའི་ཐད་དགའ་ཚོར་ཆེན་པོ་བྱེད་ལ་སྨོན་འདུན་ཡང་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བརྙན་ལམ་གྱི་སྤེལ་རེས་བྱེད་སྒོ་དེ་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱི་སྨན་བཅོས་འཕྲོད་བསྟེན་དང་འགག་སྒོ་སོགས་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་ཚོས་ངོ་སྤྲོད་གནང་བའི་ཉམས་མྱོང་དེ་དག་ཏུར་མིན་སི་ཐན་གྱིས་རིམས་འགོག་ལས་དོན་སྤེལ་རྒྱུར་གལ་འགངས་ཆེན་པོ་ལྡན་ཡོད་ཅེས་བརྗོད།

    རྒྱ་གར་དང་ཕ་ཁི་སི་ཐན་སོགས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་སྡེ་ཚན་གྱི་མཐོ་རིམ་དཔོན་རིགས་ཀྱིས་ཀྲུང་གོས་རིམས་འགོག་གི་ཉམས་མྱོང་མཉམ་སྤྱོད་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།