2019ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལོ་ཞིག་རེད། 2019ལོའི་ཟླ་12ཚེས་23ཉིན་བོད་ཀྱི་གཞུང་ཕྱོགས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་ནས་བོད་དུ་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་མེད་པ་བཟོས་ནས་ས་ཁོངས་ཧྲིལ་པོ་དབུལ་སྒྲོལ་ཐུབ་ཡོད་ཅེས་བཀོད་ཡོད་པ་རེད། གྲུབ་འབྲས་དེ་དག་ནི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཁ་བྲལ་ཐབས་མེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁ་བྲལ་ཐབས་མེད་པ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་བྲལ་ཐབས་མེད་པ། བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་དང་ཁ་བྲལ་ཐབས་མེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་མཐའ་ཚད་ཀྱི་ལས་འགན་དང་མཚོན་རྟགས་རང་བཞིན་གྱི་དམིགས་ཚད་ལ་བརྩིས་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཇུས་གཞི་གཏན་འཁེལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས་ཡོད། བོད་འདི་ཉིད་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ཞིག་ཡིན་པའི་ངོས་ནས་སྤྱི་ཡོངས་ནས་ཤིན་ཏུ་དབུལ་པོའི་གནས་སུ་གྱར་ཡོད། ཐོན་ལས་དབུལ་སྐྱོར་དང་། ཡུལ་གཞན་དུ་གནས་སྤོ། སྣོད་བཅུད་དབུལ་སྐྱོར་བཅས་ལག་བསྟར་བྱས་པ་བརྒྱུད་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། “སྤོ་ཐུབ་པ་དང་། བརྟན་ལྷིང་ཐུབ་པ། ཕྱུག་འགྱུར་ཐུབ་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད། ས་གནས་ཁག་གིས་རྩལ་ནུས་གསོ་སྦྱོང་དང་གསར་གཏོད་ལས་གཏོད་སོགས་ཀྱི་བྱ་ཐབས་བརྒྱུད་གནས་སྤོས་མང་ཚོགས་ལ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུར་ཁྲིད་སྟོན་བྱས་ཡོད། ད་ཆ“གནས་སྤོའི་དུད་ཚང”ཚང་མས་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཚོར་བཞིན་ཡོད་པ་དང་ཁོང་ཚོའི་ཁྲོད་ལ་ལ་གློག་སྒྲོན་མེད་པའི་རི་ལྡེབས་ནས་གློག་འོད་གསལ་བའི་གྲོང་ཁྱེར་དུ་སྤོས་པ་དང་། ལ་ལ་མི་མེད་ལུང་སྟོང་གི་ས་བབ་མཐོ་ཤོས་ནས་ས་བབ་དམའ་བའི་ས་ཁུལ་དུ་སྤོས་པ། སྔོན་ཆད་ཞིང་ལས་ཅུང་ཙམ་ལས་གཞན་ཅི་ཡང་མི་ཤེས་པའི་གྲོང་མིས་ལག་རྩལ་སྣ་གཅིག་ཤེས་པ། གྲོང་མི་ལ་ལས་གློག་རྡུལ་ཚོང་དོན་གཉེར་འགོ་བརྩམས་པ་སོགས་ཏང་གི་དམངས་ཕན་སྲིད་ཇུས་འོག་དུད་ཚང་དབུལ་པོ་དབུལ་སྒྲོལ་གྱི་ལམ་བུ་ཇེ་ཡངས་སུ་ཕྱིན་པ་དང་མི་དམངས་ཀྱི་འཚོ་བ་ཇེ་ཡག་ཏུ་ཕྱིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་རྣམས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བར་རོལ་དུ་འཇུག་རྒྱུ་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་མི་རིགས་གཅིག་དང་། ཁྱིམ་ཚང་གཅིག མི་གཅིག་བཅས་གཅིག་ཀྱང་ལུས་མི་རུང་ཞེས་གསུངས། ལོ་དེ་དག་ནང་བོད་ཀྱིས་འགག་སྒྲོལ་དཀའ་སེལ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱས་པས་ས་མཐོའི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དང་གྲལ་སྟར་འགྲིག་ལ་རྒྱ་ཆེ་ལ་དཀར་ཆ་དོད་པའི་བདེ་སྡོད་ཁང་པ་དང་། དམངས་ཕན་སྒོ་རྩིས་ཚོང་ཁང་། བྱེད་སྒོའི་ཐང་ཆེན་སོགས་རྨང་གཞིའི་སྒྲིག་བཀོད་སྤྱིའི་ཆར་འཐུས་སྒོ་ཚང་ཡོད་པ་རེད། དེ་སྔོན་ས་ཆ་མང་པོ་ཞིག་ཏུ་འགྲིམ་འགྲུལ་དང་ཆ་འཕྲིན་སྟབས་མི་བདེ་བའི་རྐྱེན་གྱིས་ཞིང་འབྲོག་མང་ཚོགས་ཀྱིས“སྒུག་བརྟེན་སློང་གསུམ”གྱི་བསམ་བློ་ཚབས་ཆེ་ཙམ་ཡོད་པས་དཔལ་འབྱོར་འཕེལ་རྒྱས་རྗེས་ལུས་ཐེབས་ཡོད། ད་ཆ་རྒྱ་ཆེའི་གྲོང་ཚོའི་ལས་བྱེད་པའི་སློབ་གསོའི་འོག་དང་ཕྱུག་འགྱུར་སྣེ་ཁྲིད་པའི་སྣེ་ཁྲིད་འོག་མང་ཚོགས་དེ་བས་མང་བས་“གནམ་དང་ས་ལ་བརྟེན་པ་ལས་རང་ཉིད་ལ་བརྟེན་པ་དགའ”ཞེས་པའི་འདུ་ཤེས་ཆགས་ནས་ཚ་ཚ་འུར་འུར་གྱི་དབུལ་སྒྲོལ་དམག་འཐབ་ནང་ཞུགས་ཏེ་རང་ཉིད་ཀྱི་འབད་འཐབ་ལ་བརྟེན་ནས་རེ་སྒུག་བྱེད་པའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།
ད་ཆ་བོད་འདི་ཉིད་ས་ཁོངས་ཧྲིལ་པོ་དབུལ་སྒྲོལ་ཐུབ་ནས་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་འགྲོ་བཞིན་ཡོད། དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་དཀའ་སྤྱད་ལས་སྐྲུན། རྒྱལ་ཡོངས་ཀྱི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་དང་ཁ་བྲལ་ཐབས་མེད་པས། ང་ཚོས་སྔར་བས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དམ་པ་དོན་གཉེར། དཀའ་སྤྱད་མདུན་སྐྱོད་བཅས་བྱས་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པའི་ཕྱོགས་སུ་ལག་གདང་སྦྲེལ་ནས་བསྐྱོད་དགོས།(བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། དོན་གྲུབ་ཚེ་རིང )