རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་3534.97ཡོད་པའི་ཡངས་ཤིང་རྒྱ་ཆེ་བའི་སྲིད་འཛིན་ཤང་ཞིག་ཏུ་བགྲང་བྱ་34ཡི་རིང་དུད་ཚང་གཅིག་གི་མི་ལས་མེད། ཉན་ཚོད་ལ་གཏམ་རྒྱུད་ཅིག་དང་འདྲ་ཡང་གནས་ཚུལ་འདི་དངོས་སུ་བྱུང་ཡོད། འདི་ག་ནི་ཧི་མ་ལ་ཡའི་མུ་འཁྱུད་ཀྱི་ལྷོ་ཕྱོགས་སུ་གནས་པའི་ཡུལ་སྨད་ཤང་ཡིན་པ་དང་འདི་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། མེས་རྒྱལ་གྱི་བརྗིད་ཉམས་མཛེས་སྡུག་ལྡན་པའི་གངས་ལྗོངས་ཀྱི་མཐའ་མཚམས་སུ་གནས་པ་དང་རྒྱལ་མཚམས་དང་བར་ཐག་ཉེ་པོ་ཡོད། འདི་གར་དུད་ཚང་གཅིག་གི་ནང་མི་ཚོས་མི་ལོ་བཅུ་ཕྲག་འགའ་ཉིན་གཅིག་ལྟར་འཚོ་སྡོད་དང་མཐའ་མཚམས་སུ་སྐོར་གཡེང་བྱས་ཡོད། དུས་ཡུན་རིང་པོ་ཞིག་གི་ནང་ཕ་དང་བུ་མོ་གཉིས་ཀྱིས་བློ་རྩ་བརྟན་པོས་གངས་འཁྱགས་དང་གྲང་རླུང་ཁྲོད་རང་གི་ཕ་གཞིས་དྲོན་མོ་དེ་བརྟན་སྲུང་བྱས་ཡོད།

གློག་བརྙན《ང་ཡི་ཧི་མ་ལ་ཡའི》ནང་གི་རིན་ཆེན་ཡིན་པ།
ད་ཆ་བུ་མོ་གཉིས་2017ལོའི་ཀྲུང་གོའི་མི་སེམས་འགུལ་བའི་ལོ་འཁོར་གྱི་མི་སྣར་བདམས་པ་དང་། གློག་བརྙན《ང་ཡི་ཧི་མ་ལ་ཡ》ཡང“ཡུལ་སྨད་མི་གསུམ་ཤང”གི་གཏམ་རྒྱུད་གཞིར་བཟུང་རྩོམ་སྒྲིག་བྱས་པ་ཞིག་རེད། གློག་བརྙན་འདི་2019ལོར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་དྲུག་པའི་ཐོག་ཐོག་མར་བསྟན་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ལེགས་སྐྱེས་ཕུལ་ཡོད།
བརྗོད་དོན་གཙོ་བོ་ནི་གློག་བརྙན་ཞིག་ལ་མེད་དུ་མི་རུང་བའི་ཁྱད་ཆོས་ཤིག་ཡིན་པ་དང་། གློག་བརྙན་ནང་གི་པར་རིས་རེ་རེ་ལས“ཡུལ་སྨད་ཀྱི་སྙིང་སྟོབས”མངོན་ཡོད། འོན་ཀྱང་ཐོབ་པར་དཀའ་བ་ཞིག་ནི《ང་ཡི་ཧི་མ་ལ་ཡ》ལས་འགྱུར་མེད་རེངས་པོ་དང་གདོང་འབག་ཅན་གྱི་རྒྱལ་གཅེས་རྣམ་པ་མངོན་མེད་པར། རིན་ཆེན་དང་། སྐལ་བཟང་། སྒྲོལ་མ་བཅས་ཕ་དང་བུ་མོ་གཉིས་གསོན་ཉམས་ལྡན་པའི་མི་སྣ་ཞིག་ཡིན་པའི་ངོས་ནས་དགའ་སྐྱོ་ཆགས་སྡང་ལྡན་པའི་ཚེ་སྲོག་གི་ངོ་བོ་རེ་རེར་གྲུབ།

གློག་བརྙན《ང་ཡི་ཧི་མ་ལ་ཡའི》ནང་གི་སྐལ་བཟང་དང་སྒྲོལ་མ་ཡིན་པ།
བཟའ་ཟླ་ནད་ཀྱིས་མནར་ནས་ཁ་བ་བུ་ཡུག་ཁྲོད་འགྱེལ་བ་དང་། གློག་བརྙན་གྱི་འགལ་རྐྱེན་ཆེ་ཤོས་ཀྱང་དུས་དེ་ནས་འགོ་ཚུགས། མི་མཐོང་རྒྱུ་མེད་པ་དང་། ཁོར་ཡུག་དཀའ་ཚེགས་ཆེ་བ། ཆ་འཕྲིན་གསང་པོ་མེད་པ་བཅས་ཀྱི་ས་མཐོར་མཐའ་མཚམས་སྲུང་བ་ནི་ཨུ་ཚུགས་ཚ་བའི་བྱེད་སྤྱོད་ཅིག་ལས་མ་འདས་ལ། གློག་བརྙན་ནང་གི་རིན་ཆེན་ལའང་གཡོ་འགུལ་ཐེབས་མྱོང་ཡོད་པ་དང་། ལྷག་པར་དུ། བུ་མོ་གཉིས་རིམ་བཞིན་ཆེན་པོ་ཆགས་ནས་རང་རང་གིས་བསམ་ཤེས་ཐུབ་པས། “ཨུ་ཚུགས་མཐར་སྐྱེལ་བྱས་ནས་སྡོད་པ་ལས་ཁ་མི་བྲལ་བའི་རྒྱུ་མཚན་ཅི་ཡིན་ནམ”ཞེས་དོགས་འདྲི་བྱེད་འགོ་ཚུགས།
གློག་བརྙན་དེའི་རྩོམ་སྒྲིག་པ་ཝུའུ་མོང་ཀྲང་གིས་བྱེད་སྒོ་ཞིག་གི་ཐོག་བརྗོད་པ་ལྟར། 《ང་ཡི་ཧི་མ་ལ་ཡ》ལས་མི་རྣམས་ཀྱིས་བརྗེད་པར་དཀའ་བའི་འགག་རྩའི་མིང་ཚིག་ནི“ཁེར་རྐྱང”ཞེས་པ་དེ་ཡིན་པ་དང་། ཚེ་སྲོག་དང་བརྩེ་དུང་གི་ཁེར་རྐྱང་གི་སྣང་བ་སྐྱུར་མོ་དེ་ལ་སྒྲོལ་མ་རིམ་བཞིན་བཟོད་ཐབས་བྲལ་བར། ཕྱི་རོལ་གྱི་འཇིག་རྟེན་ལ་ལྟད་མོར་ཆས་འདོད་ཀྱི་བློ་ཞིག་ངང་གིས་སྐྱེས་ལ། རང་ཉིད་ཀྱི་སྐད་ངག་སྙན་མོ་མི་དེ་བས་མང་བས་གོ་ཐུབ་ན་སྙམ་ནས། ཕྱི་རོལ་གྱི་འཇིག་རྟེན་དང་འབྲེལ་ཐག་ཆད་པ་ལྟ་བུའི་མཐའ་སྲུང་འཚོ་བར་སྙིང་དབུས་ནས་ཞེན་པ་ལོག བུ་མོ་རྒན་པ་སྐལ་བཟང་མ་གཞི་ཨ་ཕའི་ཕྱོགས་སུ་ལངས་ཀྱང་ཁེར་རྐྱང་གི་སྣང་བ་ཞེ་མེར་བ་དེར་བཟོད་བསྲན་མ་བྱེད་ཀ་མེད་བྱུང་ལ། སློབ་གྲྭ་ཆེ་མོ་བ་ཞིག་གིས་ཁོ་མོར་འཕྲིན་ཡིག་སྤྲིངས་ནས་བརྩེ་དུང་གི་མོས་པ་བསྟན་ཡང་ཁོང་གཉིས་ཕན་ཚུན་ཐུག་འཕྲད་བྱེད་ཐབས་བྲལ་བས། ཁོ་མོའི་ལོ་ཚོད་ལ་ལང་ལོང་དུ་འཕྱུར་དགོས་ངེས་ཀྱི་བརྩེ་དུང་གི་རླབས་ཕྲེང་དག་གྲང་ཤུར་ཤུར་གྱི་ཡིག་འབྲུའི་གསེབ་ནས་བརྗོད་རྒྱུ་ལས་ཐབས་གཞན་མ་རྙེད།

གློག་བརྙན《ང་ཡི་ཧི་མ་ལ་ཡའི》ནང་གི་ཆུང་དུས་ཀྱི་སྐལ་བཟང་དང་སྒྲོལ་མ་ཡིན་པ།
འོན་ཀྱང་འཕྲིན་ཡིག་དེ་དག་ཐོག་མར་ཁོ་མོའི་ལག་ཏུ་མ་འབྱོར་བར་ཁོང་ཚོའི་གཏམ་རྒྱུད་འཁོད་པའི་ཚགས་པར་དང་མཉམ་དུ་ཨ་ཕས་ལྕགས་སྒམ་ཞིག་ཏུ་སྒོ་ལྕགས་བརྒྱབ་ནས་བཞག
གནས་ཚུལ་ངོ་མ་ཤེས་པ་དང་ཕན་ཚུན་གདོང་གཏུགས་ནས་སྐད་ཆ་ཤོད་སྐབས་རིན་ཆེན་ལའང་རྒྱུ་མཚན་ཚགས་ཚུད་པ་ཞིག་ཤོད་རྒྱུ་མ་རྙེད་ལ། དེ་ལས་ལྡོག་སྟེ་ཁོ་པས་བཟའ་ཟླ་འདས་ཁའི་ཁ་ཏ་ཡང་སྣང་མེད་དུ་བཏང་། དད་སེམས་ཇི་ཙམ་བརྟན་ཡང་རིན་ཆེན་གྱིས་བུ་མོ་གཉིས་ཀྱི་ལས་དབང་གི་ཁ་ལོ་བསྒྱུར་བའང་དོན་དངོས་ཡིན། དེའི་རྒྱབ་ཀྱི་ཀུན་སློང་ནི་སྔར་བཞིན“ཁེར་རྐྱང”ཞེས་པའི་ཡིག་འབྲུ་གཉིས་པོ་དེ་ཡིན་པས། བོད་རིགས་ཕོ་རྒོད་དེས་མི་གྲངས་ལྡབ་བཅུས་མང་བའི་ལྐོག་རྔོན་རྒྱག་མཁན་དང་ཐུག་སྐབས་སྐྲག་སྣང་སྤུ་ཙམ་ཡང་བྱས་མེད། འོན་ཀྱང་རང་ཉིད་ཀྱི་རོགས་ཟླ་འབའ་ཞིག་ཡིན་པའི་བུ་མོ་གཉིས་ཁ་འབྲལ་དོགས་ཀྱི་འཇིགས་སྣང་བྱུང་།
དཔའ་བོར་ཡང་སྒེར་སེམས་ཡོད་པ་དེས་གཟུགས་བརྙན་འབུར་གཟུགས་སུ་བཏོད། ཐེངས་དེའི་འགལ་ཟླ་ཐོན་པ་ལས་རྗེས་སོར་གྱི་རང་འདེམས་བྱེད་སྐབས། ཕ་དང་བུ་མོ་གཉིས་ཀྱིས་མེས་རྒྱལ་ལ་བཅངས་པའི་བརྩེ་ཞེན་དང་སྤུན་ཉེར་བཅངས་པའི་བརྩེ་བ་དག་ལ་གཞི་ནས་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པ་མ་ཟད། འཁྲབ་ཚན་གྱི་མི་སྣ་ཡང་བཀྲག་མདངས་འཚེར་སར་གྱུར་ཡོད།

གློག་བརྙན《ང་ཡི་ཧི་མ་ལ་ཡའི》ནང་གི་རིན་ཆེན་དང་། སྐལ་བཟང་། སྒྲོལ་མ་བཅས་ཡིན་པ།
ཧི་མ་ལ་ཡའི་མུ་འཁྱུད་རི་ཀླུང་གི་མཛེས་པ་སུམ་རྩེན་ཡུལ་དང་གཉིས་སུ་མ་མཆིས་ཀྱང་རབ་དཀར་གངས་རིའི་ཕྲེང་བ་དང་། དྭངས་གཙང་གི་མཚོ་མཚེའུ། ཚང་ཚིང་གི་ནགས་ཚལ་སྟུག་པོ་བཅས་དང་ལྷན་དུ་འགྲོགས་པ་ནི་ཕྱོགས་བཞིར་ཉེན་ཁའི་འོབས་དོང་མང་བའི་ཚེ་སྲོག་གི་དཀའ་གནད་ཅིག་ཡིན་པ་ལས་མ་འདས། ཕ་དང་བུ་མོ་གཉིས་ཀྱིས་ས་བབ་མཐོ་ཚད་སྨི་5000གི་ལ་མོ་རྒྱག་པ་དང་། གདོད་མའི་ནགས་ཚལ་སྟུག་པོའི་ཁྲོད་དུ་ཕྱི་རྒྱལ་གྱི་ལྐོག་རྔོན་རྒྱག་མཁན་དང་དམར་འཛིང་བྱེད་པ། དྲག་ཆར་རླུང་འཚུབ་ཁྲོད་དུ་འབྲི་གཡག་གི་ཁྱུ་ཚོགས་ར་སྐོར་དུ་སྐོང་བ། ཉིན་ལྟར་རྩམ་པ་ཉུང་ངུ་ཙམ་བཟས་ནས་སྡོད་པ་སོགས་དེ་དག་ཚང་མ་སྐྱེ་བོ་ཕལ་པས་བཟོད་པར་དཀའ་བའི་དཀའ་ཚེགས་ཤིག་ཡིན་ཡང་། ཁོང་ཚོས་འདི་ནི་ཀྲུང་གོའི་ས་ཆ་དང་རང་གི་ཁྱིམ་གཞིས་ཡིན་པའི་དད་སེམས་ལ་བརྟེན་ནས་རྒྱུན་འཁྱོངས་བྱས་ཡོད།
དེར་བརྟེན། ཁོང་ཚོས་ལྕང་སྡོང་དང་བྲག་རྡོའི་ཐོག་བཀྲག་རྩིས་སྐར་ལྔའི་དར་དམར་བྲིས་ཡོད་པ་དང་། ཤིང་ཁང་གི་ཕྱི་རོལ་དུ་སྐར་ལྔའི་དར་དམར་བཙུགས་ནས་ཤང་སྲིད་གཞུང་བཙུགས་ཤིང་། ཤང་ལ་མི་གསུམ་ལས་མེད་ཀྱང་ཨ་ཕས་ཤང་ཀྲང་གི་འགན་ཁུར་བ་དང་བུ་མོས་བུད་མེད་ཀྲུའུ་རེན་གྱི་འགན་ཁུར་ཡོད། བྱས་རྗེས་དེ་དག་བརྒྱུད་སྤེལ་བྱས་རྗེས་མི་དེ་བས་མང་པོར་སེམས་འགུལ་ཐེབས་ཡོད།

གློག་བརྙན《ང་ཡི་ཧི་མ་ལ་ཡའི》ནང་གི་རིན་ཆེན་དང་ལིའུ་ཙེ་ཧྲུའེ་ཡིན་པ།
གློག་བརྙན་གྱི་མཇུག་ཏུ་འབྲོག་པ་དེ་བས་མང་བ་དེ་གར་གཞིས་ཆཌ་པ་དང་། དོན་དངོས་ཐོག་ཏུ་ཡང་2019ལོར་ཡུལ་སྨད་ཤང་དུ་མང་ཚོཌ་200ཙམ་ཡོད་པ་རེད།
《ང་ཡི་ཧི་མ་ལ་ཡའི》གྲུབ་ཆའི་ཐད་གཅིག་ལན་གཅིག་སྤྲོད་ལ་དོ་སྣང་ཆེན་པོ་བྱས་པར་ཕན་འབྲས་ཀྱང་ངེས་ཅན་ཐོན་ཡོད་ལ། གློག་བརྙན་འགོ་ཚུགས་ཙམ་ན་རིན་ཆེན་གྱིས་བཟའ་ཟླ་རྒྱབ་ལ་ཁུར་ནས་གངས་རི་བརྒལ་ཏེ་སྨན་ཁང་དུ་བསྐྱོད་ཀྱང་ལམ་བར་ཏུ་བཟའ་ཟླ་ཚེ་ལས་འདས་པ་དང་། ཕྱོགས་གཞན་ཞིག་ཏུ་སྐལ་བཟང་དང་གཅུང་མོ་གཉིས་གུ་དོག་པའི་སྦྲ་གུར་ནང་མཐའ་སྐོར་གྱི་སྤྱང་ཀི་ལ་སྐྲག་ནས་སྐལ་བཟང་ངུ་ཤོར་བ། གློག་བརྙན་མཇུག་སྒྲིལ་ལ་ཉེ་བའི་མཚམས་སུ་སྐལ་བཟང་གཅིག་པུར་བྲག་རྡོའི་ཐོག་རྒྱལ་དར་འབྲི་སྐབས་རྐང་པ་ཆག་པས་གོག་བགྲོད་བརྒྱབ་ནས་སྦྲ་གུར་དུ་ལོག་པའི་མཚན་མོ་དེའི་གནས་ཚུལ་ལས་ལོ་ན་ཆུང་བའི་དུས་སུ་སླེབས་པ་ལྟ་བུའི་སྣང་བ་སྐྱེས་པས་ཁོ་མོ་རང་དབང་མེད་པར་མིག་ཆུ་ཤོར་བ་དང་དྲན་གདུང་བཟོད་ཐབས་མེད་པར་གྱུར།
འོན་ཀྱང་། ཐེངས་འདིར་རིན་ཆེན་ཕྱིར་ལོག་ནས་ལོ་མང་པོའི་སྔོན་དུ་བརྒལ་མ་ཐུབ་པའི་གངས་འཁྱགས་ཀྱི་ལམ་བུ་བརྒལ་ནས་བུ་མོ་རྫོང་སྨན་ཁང་དུ་བསྐྱལ། ཨ་ཕའི་སྲོག་སྐྱོབ་དང་། བུ་མོའི་འཚར་ལོངས། མཛའ་བརྩེའི་རྒྱུན་མཐུད། མི་གཤིས་ཀྱི་འོད་སྟོང་འཕྲོ་ས་བཅས་ངུ་ཐེངས་གཉིས་དང་ལམ་མཚམས་གཉིས་ནང་མཚོན་པར་བྱས་ཡོད།

གློག་བརྙན《ང་ཡི་ཧི་མ་ལ་ཡའི》ནང་གི་ལྷག་སྒྲོན་ཡིན་པ།
གཏམ་རྒྱུད་དངོས་ཀྱི་འབྲེལ་ཡོད་འཕྲིན་སྤེལ་དང་གློག་བརྙན་འདིའི་འབྲེལ་ཡོད་ཀྱི་ངོ་སྤྲོད་ནང་ཚིག་དུམ་འདི་འདྲ་ཞིག་ཡོད་པ་མཐོང་ཐུབ་སྟེ། “ཁོང་ཚོ་ནི་སྐལ་བཟང་མེ་ཏོག་བཞིན་མེས་རྒྱལ་གྱི་གངས་ལྗོངས་མཐའ་མཚམས་སུ་བཞད་ཡོད” དོན་དངོས་ཐོག《ང་ཡི་ཧི་མ་ལ་ཡ》ནི་སྐལ་བཟང་མེ་ཏོག་ཅིག་དང་འདྲ་བར་དེ་ལ་ཡང་གློག་བརྙན་མང་ཆེ་བ་དང་མི་འདྲ་བའི་སྤུས་ཚོར་ཞིག་ཡོད་པ་ནི་མེས་རྒྱལ་ལ་ཕུལ་བའི་ཕྱག་རྟགས་རྩེ་གྲ་ཞིག་རེད།