དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2020-03-10

    རྒྱལ་གཅེས་ནི་རླབས་ཆེའི་མི་རིགས་སྙིང་སྟོབས་ཀྱི་ལྟེ་བ་དང་། མཐུན་སྒྲིལ་ནི་རླབས་ཆེའི་བྱ་གཞག་འཕེལ་རྒྱས་ཀྱི་འགན་ལེན་ཡིན། མིག་སྔར། ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པ་དང་། དར་ཆ་གསལ་སྟོན་གྱིས་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་ལ་ངོ་རྒོལ་བྱས་ནས་བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་བརྟན་ལྷིང་བཅས་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ཐུན་མོང་ཐོག་འབད་འཐབ་བཅས་བྱེད་པར། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་བས་ཀྱང་དར་སྤེལ་གཏོང་དགོས་ལ། མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་ཆེ་མོའི་རླབས་ཆེན་སྟོབས་ཤུགས་དེ་བས་ཀྱང་གཅིག་ཏུ་སྒྲིལ་དགོས།

    མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པ་ནི་གནའ་སྔ་མོ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན། ལོ་ངོ་ལྔ་སྟོང་ལྷག་ཙམ་ཡོད་པའི་ཀྲུང་ཧྭ་མི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ནི་མི་རིགས་ཁག་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་སྐྱིད་སྡུག་མཉམ་མྱོང་གིས་རྒྱལ་ཁབ་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཤིག་ཡིན། ལོ་ངོ་བརྒྱ་ལྷག་ཙམ་གྱི་ཉེ་རབས་ལོ་རྒྱུས་ནི་མི་རིགས་ཁག་གི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་དང་། སྔོན་འགྱེལ་རྗེས་མཐུད། ཕྱིའི་བརྙས་བཅོས་མཉམ་འགོག་བཅས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་ལ་ཐུན་མོང་ཐོག་གཞོལ་བའི་ལོ་རྒྱུས་ཤིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་རྒྱུས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། ཐུན་མོང་འབད་འཐབ་བཅས་བྱས་ཏེ་རྒྱལ་ཁབ་དར་རྒྱས་དང་འབྱོར་ཕྱུག་གི་ལས་ལ་མཉམ་དུ་གཞོལ་བའི་ལོ་རྒྱུས་ཤིག་རེད། རྒྱལ་གཅེས་རིང་ལུགས་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་མི་རིགས་རང་བཙན་དང་མི་རིགས་ཀྱི་ལ་རྒྱ་སྲུང་བའི་བསམ་པའི་སྒུལ་ཤུགས་ཆེ་ཤོས་ཤིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་པ་ལོ་རྒྱུས་ལས་ར་འཕྲོད་ཡང་ཡང་བྱུང་ཡོད།

    མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པ་ནི་དུས་རབས་གསར་པར་རྒྱལ་གཅེས་རིང་ལུགས་ལྟེ་བར་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་བོད་དུ་གསོན་ཉམས་དོད་པོས་ལག་ལེན་བསྟར་བ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་བྱ་གཞག་ཆེད་སེམས་ནུས་ཡོད་རྒུ་བཏོན་གནང་བས་མི་རིགས་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། དམིགས་ཚད་ལས་འགན། སྲིད་ཇུས་བྱ་ཐབས་བཅས་སྔར་བས་ཁ་གསལ་གཏན་འཁེལ་བྱུང་ནས། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད།

    ལྗོངས་ཏང་ཨུད་ཀྱིས་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གིས་མི་རིགས་ལས་དོན་ཁྲིམས་བཞིན་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་དགོངས་དོན་གལ་ཆེན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། བློ་བརྟན་འགྱུར་མེད་ཀྱིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡང་དག་འགྲོ་ལམ་ཐོག་སྐྱོད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ། མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཀྱི་སློབ་གསོ་རྒྱ་ཁྱབ་སྤེལ་བ། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་མི་སེམས་ལ་གཏིང་ཟབ་ཟུག་པར་བྱེད་པ་བཅས་བརྒྱུད། མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་བྱུང་ཡོད། ད་ཆའི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་དང་། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་ནི་ལས་སླ་པོར་བྱུང་བ་ཞིག་མིན་ཞིང་། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ལག་བསྟར་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་ཞིག་ཡིན་པས། ང་ཚོས་གཅེས་སྤྲས་ལྡབ་བརྒྱ་དང་གཅེས་སྐྱོང་ལྡབ་བརྒྱ་བྱེད་དགོས།

    མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་འགོ་འཛུགས་ས་དང་དོན་ལ་བབས་ས་ནི་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་རྒྱུ་དེ་ཡིན། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི“བོད་རང་བཙན”གྱི་ལྐོག་གཡོ་གཤོམ་མཁན་ཁ་ཕྲལ་རིང་ལུགས་ཆབ་སྲིད་ཤོག་ཁའི་འགོ་གཙོ་དང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད། བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་མཁན་གྱི་སྤྱིའི་འབྱུང་རྩ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་སྲོལ་འཛུགས་རྒྱུར་འགོག་རྐྱེན་བཟོ་མཁན་ཆེ་ཤོས། ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་བ་བཅས་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ཕྱི་རྒྱལ་དུ་བྲོས་བྱོལ་སོང་རྗེས། རྒྱལ་སྤྱིའི་དགྲ་འཛིན་ཕྱོགས་གཏོགས་ཀྱི་རྒྱབ་སྐྱོར་འོག་མེས་རྒྱལ་གཅིག་གྱུར་ཁ་ཕྲལ་དང་གཏོར་བཤིག་གཏོང་བ་དང་། མི་རིགས་ཀྱི་འབྲེལ་བར་དབྱེན་སྦྱོར་དཀྲུག་ཤིང་བརྒྱབ་ནས། ཟིང་ཆ་དང་རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་དོན་རྐྱེན་ཚབས་ཆེན་ཐེངས་མང་ངན་སྐུལ་བྱས་པས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད། ལོ་མང་རིང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་སིམ་འཛུལ་གཏོར་བཤིག་གི་ཇུས་ངན་དང་བྱ་ཐབས་ལ་འགྱུར་ལྡོག་རྒྱུན་ཆད་མེད་པར་བཏང་མོད། འོན་ཀྱང་མེས་རྒྱལ་ཁ་ཕྲལ་གཏོང་བའི་ཀླད་རྙིང་མཁྲེགས་བཟུང་གི་ལངས་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་ལ། བོད་ཀྱི་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་བཟང་པོར་གཏོར་བཤིག་གཏོང་བའི་སྡིག་ཉེས་ཀྱི་དམིགས་ཡུལ་ལ་འགྱུར་ལྡོག་བྱུང་མེད། ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་མི་རིགས་ཀྱི་གནད་དོན་དང་། ཆོས་ལུགས་ཀྱི་གནད་དོན། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཅས་མིན་པར། སྲིད་དབང་དང་། དར་ཆ། འགྲོ་ལམ་བཅས་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འཐབ་རྩོད་དྲག་པོ་ཞིག་རེད། ང་ཚོས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྣོ་ངར་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་དང་། ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ། “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་གཏོར་བཤིག་ནི་ཆག་སྒོ”ཡིན་པའི་འགྱུར་མེད་ཀྱི་བདེན་དོན་ལ་ངོས་འཛིན་གཏིང་ཟབ་བཅས་བྱས་ཏེ་བརྟན་ལྷིང་རང་འགུལ་དུ་འགྱུར་བའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་དང་འགན་འཁྲི་འཁུར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། “ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པས། མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་མཐའ་དག་ལ་ཀྲུང་གོ་བ་ཡོངས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་རེད། ང་ཚོས་མི་སུ་འདྲ་ཞིག་དང་། རྩ་འཛུགས་གང་འདྲ་ཞིག སྲིད་ཏང་གང་འདྲ་ཞིག་བཅས་ཀྱིས་དུས་གང་རུང་དང་བྱ་ཐབས་གང་རུང་ཞིག་ནས་ཀྲུང་གོའི་མངའ་ཁོངས་ས་ཆ་ཕྲན་བུ་ཙམ་ཡང་ཀྲུང་གོ་ནས་ཁ་ཕྲལ་དུ་གཏན་ནས་འཇུག་གི་མིན”ཞེས་གསུངས་ཡོད། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ་དེ་མི་རིགས་ཁག་གི་ཁེ་ཕན་ཆེ་ཤོས་སུ་བརྩིས་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ཤུགས་ཆེན་སྤེལ་བ་དང་། མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གཅིག་ཏུ་བསྒྲིལ་ཏེ་བློ་སེམས་གཅིག་མཐུན་གྱིས་ཐུན་མོང་གི་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྒྱལ་གཅེས་ཏང་གཅེས་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བྱེད་པ་བཅས་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ཏེ“མོས་སེམས་ལྔ”ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རང་བཀུར་དང་། གདེང་ཚོད། སྤོབས་སེམས་བཅས་ཆེ་རུ་གཏོང་དགོས། མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པ་དང་། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།