དབུ་ཤོག>གསར་འགྱུར།
  • 《རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པར་སེམས་ཁུར་དང་གཟིཌ་སྐྱོང་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-03-06

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་3ཉིན་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས《རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པར་སེམས་ཁུར་དང་གཟིགས་སྐྱོང་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)》བཀྲམ་པ་རེད།

    《བརྡ་ཐོ》ཡི་ནང་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་དུ། རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་དཔའ་ངར་ཆེར་སྐྱེད་ཀྱིས་ལས་གནས་བརྟན་སྲུང་དང་ཉིན་མཚན་དབྱེར་མེད་སྡོད་བྱ་བྱས་ནས་རིམས་ནད་ཁྱབ་མཆེད་མི་འགྲོ་བའི་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པར་དཀའ་ཉེན་ལ་མ་འཛེམ་པར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་སྐུལ་ལྕག་གཏོང་ཆེད《བརྡ་ཐོའི》ནང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པར་སེམས་ཁུར་དང་གཟིགས་སྐྱོང་བྱེད་ཐབས་ཁག་བརྒྱད་བཏོན་པ་སྟེ།   

    གཅིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པར་ལས་ཀའི་ཁ་གསབ་རོགས་དངུལ་འོས་འཚམ་སྤྲོད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པའི་ད་ཡོད་ཐོབ་ཆ་འགན་ལེན་གྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པའི་རྨང་གཞིའི་ཐོག རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ས་གནས་ཀྱིས་འཐབ་ས་དང་པོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པར་ལས་ཀའི་ཁ་གསབ་རོགས་དངུལ་འོས་འཚམ་སྤྲོད་ཆོག ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་གཞིར་བཟུང་གྲོང་ཁྱེར་དང་རྫོང་ལ་ཚད་གཞི་བཟོ་བར་མཛུབ་ཁྲིད་བྱེད་དགོས།

    གཉིས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པའི་ལས་རྨས་འགན་ལེན་ཡག་པོ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པར་ལས་འཛོལ་བྱུང་ནས་རྨས་སྐྱོན་ཕོག་པའམ་ཡང་ན་ན་ཚེ། 《ལས་རྨས་འགན་བཅོལ་གྱི་སྲོལ་ཡིག》གི་ངོས་འཛིན་གཏན་འཁེལ་བྱེད་སྟངས་དང་མཐུན་པའི་རིགས་ཁྲིམས་བཞིན་ལས་རྨས་སུ་གཏན་འཁེལ་བྱེད་དགོས། འགན་འཁྲི་སྒྲུབ་སྐབས་ཏོག་གསར་གློ་ཚད་འགོས་པའམ་ཡང་ན་གྲོངས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པས་གཏན་འབེབས་ལྟར་འབྲེལ་ཡོད་ཐོབ་ཐང་ལོངས་སུ་སྤྱོད་ཆོག

    གསུམ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པའི་འགོག་སྲུང་ཆ་རྐྱེན་ལེགས་སུ་གཏོང་དགོས། གཏན་འབེབས་ལྟར་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་ལས་ཀའི་འགྲོ་གྲོན་དོན་འཁྱོལ་དང་ཁོངས་གཏོགས་ཀྱི་རྩ་དོན་དོན་འཁྱོལ་བྱས་ཏེ་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་གྱི་དངོས་ཟོག་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་གཞིར་བཟུང་། འཕྲོད་བསྟེན་འགོག་སྲུང་ཡོ་ཆས་དང་སྔོན་འགོག་ཚོད་འཛིན་ཡོ་ཆས་ལུགས་མཐུན་ངང་སྤྲོད་དགོས།

    བཞི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པའི་ཁུར་པོ་ཡང་དུ་དང་གནོན་ཤུགས་ཆུང་དུ་ཏན་ཏིག་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། གཞི་རིམ་ལ་བསྐྱར་ཟློས་ཀྱིས་ལས་འགན་དང་རེའུ་མིག་སྤྲོད་པའམ་ལེན་པའི་རིགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། མཁོ་འདོན་བྱེད་དགོས་པའི་གནས་སྡོད་ངོ་སྤྲོད་ཡི་གེ་དང་ཁྱིམ་སྡོད་གསོ་རིག་ལྟ་ཞིབ་དུས་ཚོད་ཐིམ་པའི་ངོ་སྤྲོད་ཡི་གེ་ཕུད། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཁ་གཡར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་རྩ་འཛུགས་ལ་ངོ་སྤྲོད་ཡི་གེ་གཞན་དག་སྤྲོད་རྒྱུའི་རེ་བ་འདོན་མི་ཆོག

    ལྔ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པའི་ལུས་སེམས་བདེ་ཐང་འགན་ལེན་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་འཐབ་ས་དང་པོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པའི་ཟ་མ་དང་ངལ་གསོ་ཡུལ་སོགས་མཐུན་སྦྱོར་གྱིས་བཀོད་སྒྲིག་ཡག་པོ་བྱེད་དགོས། ངལ་གསོ་རེས་མོས་དང་ངལ་གསོ་ཁ་གསབ་སོགས་ཀྱི་བྱེད་ཐབས་སྤྱད་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པ་དུས་ཐོག་ཏུ་ངལ་གསོ་རྒྱག་ཐུབ་པའི་འགན་ལེན་བྱེད་དགོས།

    དྲུག གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པར་བྱམས་སྐྱོང་དང་འཚམས་འདྲི་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པ་དང་གཞུང་དོན་གྱིས་རྐྱེན་པས་གྲོངས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པའི་ནང་མིར་སེམས་གསོ་དང་འཚམས་འདྲི་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས། ཁོང་ཚོའི་དངོས་ཡོད་དཀའ་ངལ་སེལ་རོགས་གང་ཐུབ་ཅི་ཐུབ་བྱེད་དགོས།

    བདུན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པར་གཟེངས་བསྟོད་དང་བསྔགས་བརྗོད་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བྱས་རྗེས་མངོན་གསལ་དོད་པོ་འཇོག་མཁན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པར་གཟེངས་བསྟོད་དང་བསྔགས་བརྗོད་བྱེད་པ་དང་བློ་གཤོགས་ཆེན་པོས་བཀོལ་སྤྱོད་བྱེད་དགོས་ལ། གཞུང་ལས་པའམ་ཡང་ན་བྱ་གཞག་ཚན་པར་ལས་མི་བསྡུ་བ་དང་ཁྲོམ་གཞུང(ཤང་དང་གྲོང་རྡལ)གི་ལས་བྱེད་པ་འདེམས་སྐབས་འདྲ་མཚུངས་ཀྱི་ཆ་རྐྱེན་འོག་ཁོང་ཚོར་སྔོན་ལ་བསམ་གཞིག་བྱེད་དགོས།

    བརྒྱད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པའི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་བྱས་རྗེས་མངོན་གསལ་དོད་པོ་འཇོག་མཁན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པའི་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་དང་འཕྲིན་སྤེལ་ཤུགས་ཆེན་བྱེད་དགོས།

    《བརྡ་ཐོ》ཡི་ནང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་གོང་གསལ་གྱི་སྲིད་ཇུས་བྱེད་ཐབས་ཁག་མཐའ་གཅིག་ཏུ་དོན་འཁྱོལ་ཡག་པོ་བྱས་ཏེ། འགན་འཁྲི་ཧུར་ཐག་འཁུར་བའི་རྣམ་འགྱུར་དང་དངོས་སྒྲུབ་ནུས་ལྡན་གྱི་བྱེད་ཐབས་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པར་སེམས་ཁུར་དང་བྱམས་སྐྱོང་ཏན་ཏིག་བྱས་ཏེ། རིམས་ནད་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྡེ་ཁུལ་གྱི་འགོག་སྲུང་འཛིང་རགས་ནན་པོ་སྲུང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ས་གནས་ཀྱི་རིམ་ཁག་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་བཀོད་གཏོང་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་སེམས་ཁུར་དང་བྱམས་སྐྱོང་གི་སྲིད་ཇུས་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།