ཟླ་3ཚེས་4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་ཚོད་འཛིན་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་སྨན་བཅོས་སྐྱོབ་བཅོས་ཡོ་ཆས་ཐོན་སྐྱེད་ལ་སྐུལ་འདེད་དང་མཁོ་སྤྲོད་འགན་ལེན་ལས་དོན་ཡག་པོ་བསྒྲུབས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
ཟླ་3ཚེས་3ཉིན་གྱི་ཆུ་ཚོད་24བར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དུ་ད་ཆ་གཏན་འཁེལ་བའི་ནད་དཔེ་27433ཡོད་པའི་ནང་ནད་གཞི་ལྕི་བའི་ནད་དཔེ་6416ཡོད་པ་དང་། རིམ་རྩིས་ལྟར་ན། ནད་དཔེ་49856དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། གྲོངས་པའི་ནད་དཔེ་2981ཡོད་པ། རིམ་རྩིས་ལྟར་ན་གཏན་འཁེལ་བའི་ནད་དཔེ་80270ཡོད་པ། ད་ལྟ་དོགས་ཡོད་ནད་དཔེ་520ཡོད་པ་བཅས་རེད། གཏན་འཁེལ་བའི་ནད་དཔེ་དྲག་སྐྱེད་བྱུང་ཚད་ནས་བལྟས་ན། ཟླ་3ཚེས་3ཉིན་བར་ཝུའུ་ཧན་50.2%ཡིན་པ་དང་། ཧུའུ་པེའི་ཝུའུ་ཧན་ཕུད་པ་76.8%ཡིན་པ། ཞིང་ཆེན་གཞན་87.3%ཡིན་ཞིང་ཚང་མ་ཉིན་19བསྟུད་མར་འཕར་ཡོད་པ་རེད།
བཟོ་འཕྲིན་པུའི་སྒྲིག་ཆས་བཟོ་ལས་སི་དང་པོའི་སི་ཀྲང་ལུའོ་ཅུན་ཅེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་སྨན་བཅོས་ཡོ་ཆས་ནང་སྐྱོབ་བཅོས་ཡོ་ཆས་དང་། བརྟག་བཤེར་བརྟག་དཔྱད་ཡོ་ཆས། སྨན་བཅོས་ཡོ་ཆས། དུག་སེལ་ཡོ་ཆས་སོགས་སྣ་ཁ་38ཚུད་ཡོད་པ་རེད། སྨན་བཅོས་དངོས་ཟོག་འགན་ལེན་ཚོགས་ཆུང་གི་ཚན་པ་ཁག་གིས་ཕྱར་བ་གྲུ་འདེགས་བྱས་ཏེ་བྱེད་ཐབས་སྣ་མང་ལ་བརྟེན་ནས་དགོས་མཁོ་འགན་ལེན་བྱས་ཡོད་པ་རེད།
ལུའོ་ཅུན་ཅེས“ང་ཚོས་ཞིང་ཆེན་དང་གྲོང་ཁྱེར་25དང་གཙོ་གནད་ཁེ་ལས་31དང་། དེ་བཞིན་ལྷུ་སྒྲིག་ལྷུ་ལག་དང་ལྷུ་ལག་ཆེ་རིགས་ཁེ་ལས་2000ལྷག་ཙམ་གྱིས་དུས་ཐོག་ཏུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ནས་སྨན་བཅོས་ཡོ་ཆས་ཀྱི་ཐོན་ལས་འཁོར་འབྲེལ་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུའི་སྐུལ་འདེད་བཏང་ཡོད། ཟླ་3ཚེས་3ཉིན་བར། གཙོ་གནད་ལྟ་ཞིབ་ཚད་ལེན་ཁེ་ལས་ཀྱིས་ཧུའུ་པེ་དང་དེ་བཞིན་ཝུའུ་ཧན་ལ་ཁྱོན་སྨན་བཅོས་ཡོ་ཆས་ཆ་ཚང་ཁྲི་6.5མཁོ་འདོན་བྱས་པ་དེས་ཧུའུ་པེའི་མདུན་ཕྱོགས་རིམས་འགོག་གི་དགོས་མཁོ་སྐོང་ཐུབ་ནས། ཝུའུ་ཧན་དང་དེ་བཞིན་འབྲེལ་ཡོད་ས་ཁུལ་དང་གྲོང་ཁྱེར་གྱི་ཚད་ལྡན་ཁྱབ་ཁོངས་ནང་བཀོད་སྒྲིག་བྱེད་དགོས་རིགས་བཀོད་སྒྲིག་ཐུབ་ཀྱི་ཡོད་ཅེས་བརྗོད་ཆོག”ཅེས་བཤད།
བཟོ་འཕྲིན་པུའི་འཛད་རྫས་བཟོ་ལས་སིའི་སི་ཀྲང་གཞོན་པ་ཚའོ་ཞུའེ་ཅུན་གྱིས་ཉིན་ལྟར་ཧུའུ་པེ་ས་ཁུལ་ལ་མཁོ་འདོན་བྱེད་པའི་འགོག་སྲུང་གྱོན་གོས་ཁྲི་25ཟིན་གྱི་ཡོད་པས། ཉིན་བཅུ་ལྷག་ཙམ་བསྟུད་མར་ས་གནས་དེ་གའི་དགོས་མཁོ་ལས་བརྒལ་ཡོད། གོམ་སྟབས་རྗེས་མར་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་གྱི་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་གཞིགས་ནས་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་དང་དགོས་མཁོ་བཞིན་ཐོན་སྐྱེད་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་འཆར་འགོད་སིའི་སི་ཀྲང་མའོ་ཆུན་ཨན་གྱིས“སྨན་བཅོས་ཡོ་ཆས་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་འགན་ལེན་ཡག་པོ་བྱ་རྒྱུ་དེ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་གལ་འགངས་ཆེ་བའི་རྒྱུ་རྐྱེན་ཞིག་རེད། ཧུའུ་པེ་ཞིང་ཆེན་དུ་ཐོག་མར་སྨན་བཅོས་ཡོ་ཆས་ཧ་ཅང་དཀོན་པའི་རྣམ་པ་ནས་མིག་སྔར་མཁོ་སྤྲོད་དོ་སྙོམས་བྱུང་ནས་ལེ་ཧྲེན་ཧྲན་དང་ཧོ་ཧྲེན་ཧྲན་སྨན་ཁང་ཚུད་པའི་སྨན་བཅོས་སྒྲིག་གཞིའི་སྐྱོབ་བཅོས་ཡོ་ཆས་ཀྱི་དགོས་མཁོ་རྩ་བའི་ཆ་ནས་སྐོང་ཐུབ་སྟེ‘མིས་ཡོ་ཆས་སྒུག་པའི’གནས་ཚུལ་སྤྱིར་ཐོན་གྱི་མེད”ཅེས་བཤད།