དབུ་ཤོག>གསར་འགྱུར།
  • མིག་སྔའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཁོར་རྒྱུག་བརྟན་པོ་ཡོང་བའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-03-06

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱིས་ཟླ་3ཚེས་4ཉིན་ཚོགས་འདུ་འཚོགས་ཏེ། མིག་སྔའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཁོར་རྒྱུག་བརྟན་པོ་ཡོང་བའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།

    ཞི་ཅིན་ཕིང་གིས། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་སུ་འགྲོ་བ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཐུབ་པའི་རྣམ་པ་རགས་ཙམ་མངོན་བཞིན་ཡོད་པས། ངེས་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་འཚམ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཁོར་རྒྱུག་གི་སྒྲིག་ལམ་འཛུགས་མགྱོགས་སུ་གཏོང་བ། འབྲེལ་ཡོད་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་སྒོ་ནས་ཐོབ་པར་དཀའ་བའི་དུས་བབ་བཟང་པོ་དེ་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུ་དེ་རྒྱུན་གཏན་གྱི་ལམ་བུའི་ཐོག་གང་མགྱོགས་བསྐྱོད་ཐུབ་པའི་བརྩོན་ལེན་བྱས་ཐོག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་གྱི་ཐག་གཅོད་དམག་འཐབ་རྒྱག་ཆེད་མཐུན་རྐྱེན་བསྐྲུན་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དུས་བབ་ཀྱི་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་པོ་ཐུབ་པ་བྱས་ནས་ལས་དོན་ཁག་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲི་འཁུར་སེམས་དང་དགོས་གཏུག་གི་བསམ་པ་ཆེ་རུ་གཏོང་དགོས། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྕི་པོ་ཡོད་པ་དང་། ས་ཁུལ་གཞན་དག་གི་མི་སྣ་འགྲོ་འོང་དང་འདུ་འཛོམས་བྱེད་མང་དུ་འགྲོ་བཞིན་ཡོད་པས་རིམས་ནད་མཆེད་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད། དེར་བརྟེན་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ངེས་པར་དུ་ཐོག་མའི་དུས་སྐབས་ལྟར་ཡིད་གཟབ་བྱེད་དགོས་པ་དང་། རིམས་ནད་ལ་དོགས་ཟོན་བྱ་རྒྱུར་ལྷོད་གཡེང་མི་གཏོང་བ་དང་། སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དམའ་རུ་མི་གཏོང་བར་མུ་མཐུད་དམ་འཛིན་ཏན་ཏིག་དང་ནན་པོ་ཚགས་ཚུད་བཅས་བྱེད་དགོས། དེ་དང་ཕྱོགས་མཚུངས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་རྒྱལ་སྤྱི་དང་མཉམ་ལས་གཏིང་ཟབ་བྱས་ནས་རང་རྒྱལ་གྱིས་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོའི་ནུས་པ་འདོན་སྤེལ་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱས་ཐོག་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་གནད་སྨིན་དང་གོ་རིམ་ལྡན་པའི་ངང་སྐུལ་མ་ཏན་ཏིག་བཏང་ནས་མི་རྒྱུ་དངུལ་གསུམ་གོ་རིམ་ལྡན་པའི་སྒོ་ནས་འཁོར་རྒྱུག་ཐུབ་པ་དང་། ཐོན་སྐྱེད་དང་མཁོ་འདོན་བྲིན་ཚོང་ནུས་ལྡན་ངང་སྦྲེལ་མཐུད་ཐུབ་པ། ཕྱི་ནང་ཚོང་དོན་ནུས་ལྡན་ངང་ཤར་གཏོང་ཐུབ་པ་བཅས་བྱས་ནས་རིམས་ནད་ཀྱི་རྐྱེན་པས་ཕོག་པའི་གྱོང་གུན་ཚད་གཞི་དམའ་ཤོས་སུ་ཚོད་འཛིན་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། དངོས་ཐོག་བདེན་འཚོལ་དང་ཐམས་ཅད་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། ནང་དུ་མ་ཁྱབ་པ་དང་ཕྱི་ནས་མ་འགོས་པའི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་ཀར་དམ་འཛིན་ཡག་པོ་བྱས་ནས་མང་ཚོགས་ཀྱི་རང་ངོས་འགོག་སྲུང་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་བྱེད་དགོས། ནད་པ་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་པ་དང་སྨན་བཅོས་སྐྱེལ་འདྲེན་གྱི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་ནད་གཞི་ལྕི་བའི་ནད་པ་ཚང་མ་ཆུ་ཚད་མཐོ་བའི་གནས་གཏན་འཁེལ་གྱི་སྨན་ཁང་དུ་གཅིག་སྡུད་སྐྱོབ་བཅོས་བྱེད་དགོས། བྱ་ཐབས་ནུས་ལྡན་སྤྱད་ནས་ནད་གཞི་གཞན་དག་ཕོག་མཁན་ནད་པའི་སྨན་བཅོས་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་དགོས། མཁོ་སྤྲོད་དང་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་བཏང་ནས་ཐོན་རྫས་ཀྱི་གྲུབ་ཆ་དང་སྡེབ་སྐྱེལ་བྱེད་སྟངས་ལེགས་སུ་བཏང་སྟེ་མང་ཚོགས་རང་ཁྱིམ་དུ་སྡོད་པའི་འཚོ་བ་དེ་བས་བློ་བདེ་པོ་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་པེ་ཅིང་སོགས་གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མི་སྣ་འགྲོ་འོང་ལ་ཁྲིད་སྟོན་དང་། འགྲིམ་འགྲུལ་འགྲོ་ལམ་གྱི་རིམས་འགོག ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་སོགས་ཀྱི་ཐད་མཐུན་སྦྱོར་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ས་ཁུལ་མིན་པ་དག་གིས་ཁུལ་དང་རིམ་པ་དབྱེ་ནས་གནད་སྨིན་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་བྱེད་དགོས། རིམས་ནད་ཀྱི་ཉེན་ཁའི་རིམ་པ་མཐོ་ཙམ་ཡིན་པའི་རྫོང་ཁོངས་ཀྱིས་ཕྱི་ནས་མ་འགོས་པ་དང་ནང་དུ་མ་ཁྱབ་པ་བྱ་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་། ཉེན་ཁ་ཅུང་ཆུང་བའི་རྫོང་ཁོངས་ཀྱིས་རིམས་ནད་ཀྱི་གནས་ཚུལ་བསྐྱར་ལོག་མི་ཡོང་བ་བྱེད་དགོས་པ་བསྟན་པ་རེད།

    ཚོགས་འདུའི་ཐོག ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྟོབས་ཤུགས་ཧྲག་པོ་གཅིག་སྡུད་བྱས་ཏེ། ནད་དུག་གི་ཁུངས་འདེད་པ་དང་འགོས་པའི་རྐྱེན་ལ་ཞིབ་འཇུག་བྱེད་པར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་སྨན་རྫས་རིམས་འགོག་སྨན་ཁབ་དང་། ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན། སྨན་བཅོས་ཀྱི་སྒྲིག་ཆས་སོགས་ཞིབ་འཇུག་གསར་སྤེལ་བྱ་རྒྱུ་དེ་ནད་ཐོག་སྨན་བཅོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་དང་མཐུན་སྦྱོར་ཡོང་བའི་སྒོ་ནས་འཕེལ་གྲིབ་ནད་རིག་པ་སོགས་རྨང་གཞིའི་གསོ་རིག་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ལ་སྔར་བས་མཛུབ་ཁྲིད་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག རིམས་ནད་ལ་གཞིགས་ཏེ་ཁུལ་དང་རིམ་པ་དབྱེ་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་མ་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དངོས་ཟོག་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་ཚད་མང་དུ་གཏོང་བ། འགོག་སྲུང་དངོས་པོ་བཀོད་སྒྲིག་ཡག་པོ་བཅས་བྱས་ནས་ལས་མིར་བདེ་འཇགས་ལྡན་པའི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་གཅིག་གཏོད་ཐུབ་པའི་འགན་ལེན་བྱེད་དགོས། “གནས་དང་གནས”སོགས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བྱེད་ཐབས་སྣ་ཚོགས་མུ་མཐུད་སྤྱད་དེ་ལས་མི་གང་མགྱོགས་ལས་གནས་སུ་ཕྱིར་ལོག་བྱས་ནས་ལས་འགོ་བསྐྱར་འཛུགས་བྱེད་དུ་འཇུག་པ་དང་། ལས་མིའི་ཟ་སྡོད་འགྲོ་གསུམ་དང་འཁོར་ཁང་དོ་དམ་སོགས་ལྷུ་ཚིགས་ཀྱི་རིམས་འགོག་ལས་དོན་ནན་ཏན་སྒྲུབ་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུ་དེ་ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཚོད་འཛིན་དང་བསྡམས་བཅད་བྱས་པའི་འཛད་སྤྱོད་དངོས་ཟོག་ཕྱིར་གཏོང་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཐོན་པའི་རྣམ་པ་གསར་པའི་འཛད་སྤྱོད་དང་རིམ་སྤོར་འཛད་སྤྱོད་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་དངོས་པོའི་འཛད་སྤྱོད་དང་ཞབས་ཞུའི་འཛད་སྤྱོད་ལ་ཁ་གསབ་ཐུབ་པ་བྱེད་དགོས། མ་འཇོག་རྣམ་གྲངས་ཡག་པོ་བདམས་ནས་ས་ཆ་བེད་སྤྱོད་དང་། ནུས་རྒྱུ་བེད་སྤྱོད། མ་དངུལ་སོགས་ཀྱི་ལེ་ལག་ཚང་བའི་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཀྱི་འཆར་འགོད་ནང་ཁ་གསལ་བཏོན་ཟིན་པའི་ལས་གྲྭ་གལ་ཆེན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་འཕྲལ་སྡོམ་དངོས་ཟོག་འགན་ལེན་ཁྱབ་ཁོངས་སུ་གཏོང་བ་དང་། 5Gདྲ་རྒྱ་དང་གྲངས་གཞིའི་ལྟེ་གནས་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་དགོས། དམངས་ཁྲོད་ཀྱི་མ་དངུལ་འཇོག་པའི་ཧུར་སེམས་སྐུལ་སློང་བྱ་རྒྱུར་མཐོང་ཆེན་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

    ཚོགས་འདུའི་ཐོག ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རིང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་མ་བཏང་ནས་ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་ཕྱི་ཕྱོགས་ཀྱི་མ་འཇོག་བརྟན་པོ་ཡོང་བའི་ལས་དོན་ཧུར་ཐག་ངང་ཡག་པོ་བསྒྲུབས་ནས་སྣ་མང་ཅན་གྱི་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བྱེད་དགོས། སྣེ་འདྲེན་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བའི་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ནས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བ་བྱེད་དགོས། ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རིང་གི་དཀའ་ངལ་སེལ་རོགས་ཧུར་ཐག་བྱེད་པ། མཚོན་རྟགས་རང་བཞིན་གྱི་ཕྱི་རྒྱལ་གྱི་མ་འཇོག་རྣམ་གྲངས་གལ་ཆེན་དོན་འཁྱོལ་བྱ་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། དངུལ་རྩ་སོགས་ཞབས་ཞུའི་ལས་རིགས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁེ་ལས་ལ་རོགས་སྐྱོར་དང་། ལས་གནས་བརྟན་པོ། ལས་ཞུགས་རྒྱ་ཆེར་གཏོང་བ་བཅས་ཀྱི་ལས་དོན་སྒྲུབ་པ་དང་། མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དང་ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབས་ཏེ་སྒེར་གཉེར་བཟོ་ཚོང་དུད་ཚང་གི་དཀའ་ངལ་སེལ་རོགས་ཧུར་ཐག་བྱེད་དགོས། དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ནས་ཞིང་ལས་ཐོན་རྫས་མཁོ་འདོན་འགན་ལེན་དང་ཟོག་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་སྒྲུབ་དགོས། ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རིང་། ས་ཁུལ་དབུལ་པོའི་ངལ་ནུས་དམིགས་བསལ་གྱིས་སྔོན་ལ་བསྡུས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་ཀྱི་ལས་འགན་གང་མགྱོགས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།