དབུ་ཤོག>གསར་འགྱུར།
  • ཞི་ཅིན་ཕིང་གིས་པེ་ཅིང་དུ་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་ལས་དོན་ལ་རྟོག་ཞིབ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-03-04

    360截图1653070897134118.png

    ཟླ་3ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་ལས་དོན་ལ་རྟོག་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་དམག་དོན་གསོ་རིག་ཞིབ་འཇུག་ཁང་གི་རིམས་ནད་ཚབས་ཆེན་འཕྲལ་སྡོམ་སྔོན་འགོག་ཚོད་འཛིན་གྱི་སྨན་རྫས་ཞིབ་འཇུག་ཁང་དུ་རིམས་འགོག་སྨན་ཁབ་དང་དུག་སྲིན་འགོག་རྫས་ཞིབ་བཟོའི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ། 

    360截图16520820505068.png

    ཟླ་3ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་ལས་དོན་ལ་རྟོག་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཆིང་ཧྭ་སློབ་ཆེན་གསོ་རིག་སློབ་གླིང་གོ་ལ་ཧྲིལ་པོའི་བདེ་ཐང་དང་འགོ་ནད་ཞིབ་འཇུག་ལྟེ་གནས་སུ་ཚན་ཞིབ་མི་སྣ་དང་སྤེལ་རེས་གནང་བཞིན་པ། 

    ■ མིའི་རིགས་གནོད་འཚེ་དང་རིམས་ནད་ཚབས་ཆེན་ལས་རྣམ་པར་རྒྱལ་བ་བྱེད་པར་ཚན་རིག་འཕེལ་རྒྱས་དང་ལག་རྩལ་གསར་གཏོད་དང་ཁ་འབྲལ་ཐབས་མེད། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་བྱེད་རྒྱུ་དེ་གལ་ཆེ་ལ་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ལ་བརྩིས་ནས་རིག་ཚན་མང་པོའི་སྟོབས་ཤུགས་ཕྱོགས་བསྡུས་དང་། གཅིག་གྱུར་འགོ་ཁྲིད། མཉམ་སྒྲུབ་སྐུལ་འདེད་བཅས་ཀྱིས་ཚན་རིག་རང་བཞིན་མཐའ་འཁྱོངས་དང་བདེ་འཇགས་རང་བཞིན་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་གང་མགྱོགས་བསལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ཆེན་པོ་བྱེད་དགོས།

    ■ འབད་བརྩོན་ཆེན་པོས་ནད་པ་དེ་བས་མང་བའི་སྲོག་སྐྱོབ་རྒྱུ་ནི་ཁ་ཚ་དགོས་གཏུགས་དང་གལ་ཆེའི་ནང་གི་འགངས་ཆེའི་ལས་ཀ་ཞིག་ཡིན་པས། སྨན་རྫས་དང་སྨན་བཅོས་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་ནད་ཐོག་སྨན་བཅོས་སྐྱོབ་བཅོས་ཟུང་འབྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་དྲག་སྐྱེད་ཡོང་ཚད་མཐོ་རུ་དང་ནད་གཞིས་རྐྱེན་པས་འཆི་ཚད་དམའ་རུ་གཏོང་དགོས། ཚན་ཞིབ་འགག་སྒྲོལ་ལ་བརྟེན་ནས་མདུན་ཕྱོགས་ཀྱི་འཐབ་ས་དང་པོའི་སྐྱོབ་བཅོས་ལ་འདེགས་སྐྱོར་དང་ཞབས་འདེགས་ཞུ་རྒྱུ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནད་ཐོག་སྨན་བཅོས་ཞིབ་འཇུག་དང་ནད་ཐོག་སྨན་བཅོས་སྐྱོབ་བཅོས་མཉམ་སྒྲུབ་མཐའ་འཁྱོངས་བྱས་ནས་ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་པོར་ཚན་ཞིབ་ཀྱི་གྲུབ་འབྲས་དེ་བས་མང་བ་སྤྱོད་དགོས།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་ལས་དོན་ལ་རྟོག་ཞིབ་གནང་བ་དང་ཆབས་ཅིག ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཞིང་། ཁོང་གིས་མིའི་རིགས་ཀྱིས་ནད་གཞིར་ཁ་གཏད་གཅོག་པའི་ནུས་པ་ཆེ་ཤོས་ཀྱི་ཐབས་ཤེས་ནི་ཚན་རིག་ལག་རྩལ་ཡིན་པ་དང་། མིའི་རིགས་གནོད་འཚེ་དང་རིམས་ནད་ཚབས་ཆེན་ལས་རྣམ་པར་རྒྱལ་བ་བྱེད་པར་ཚན་རིག་འཕེལ་རྒྱས་དང་ལག་རྩལ་གསར་གཏོད་དང་ཁ་འབྲལ་ཐབས་མེད། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་བྱེད་རྒྱུ་དེ་གལ་ཆེ་ལ་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ལ་བརྩིས་ནས་རིག་ཚན་མང་པོའི་སྟོབས་ཤུགས་ཕྱོགས་བསྡུས་དང་། གཅིག་གྱུར་འགོ་ཁྲིད། མཉམ་སྒྲུབ་སྐུལ་འདེད་བཅས་ཀྱིས་ཚན་རིག་རང་བཞིན་མཐའ་འཁྱོངས་དང་བདེ་འཇགས་རང་བཞིན་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་གང་མགྱོགས་བསལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ཆེན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚེས་2ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་དང་ཐོག་དམག་དོན་གསོ་རིག་ཞིབ་འཇུག་ཁང་དུ་ཕེབས་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་སྐོར་གྱི་ཞིབ་འཇུག་ཁང་གི་སྤྱི་ཡོངས་ཀྱི་གནས་ཚུལ་སྙན་སེང་གསན་པ་དང་འབྲེལ། འགྲེམས་པང་དང་དངོས་པོ་བརྒྱུད་རིམས་འགོག་སྨན་ཁབ་དང་ནད་དུག་འགོག་རྫས་ཞིབ་འཇུག་དང་གསར་བཟོ་དང་། སྨན་རྫས་གདམ་གསེས། ནད་དུག་གི་ན་རྐྱེན་རྐྱེན་རྩ་ཞིབ་འཇུག མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་ཚོད་ལྟའི་སྨན་རྫས་ཞིབ་འཇུག་དང་བེད་སྤྱོད་སོགས་ཀྱི་འཕེལ་རིམ་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཡོ་ཆས་ཚོད་ལྟ་ཐོག་ཁང་དུ་ཞི་ཅིན་ཕིང་གིས་རིམས་ནད་ཚབས་ཆེན་འཕྲལ་སྡོམ་སྔོན་འགོག་ཚོད་འཛིན་གྱི་སྨན་རྫས་ཞིབ་འཇུག་ཁང་ལ་གཟིགས་ཞིབ་གནང་ནས་ལས་གནས་བརྟན་སྲུང་དང་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱེད་མཁན་འཐབ་ས་དང་པོའི་རིགས་གཅིག་མཁས་ཅན་དང་ཚན་ཞིབ་མི་སྣར་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ཁོང་གིས་དྲག་སྐྱེད་བྱུང་ཚད་མཐོ་རུ་དང་ནད་གཞིས་རྐྱེན་པས་འཆི་ཚད་དམའ་རུ་བཏང་ནས་མཐར་རིམས་ནད་ལས་རྣམ་པར་རྒྱལ་བ་བྱེད་པར་འགག་རྩ་ཚན་རྩལ་ལ་བརྟེན་དགོས་ཞེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། དམག་དོན་གསོ་རིག་ཞིབ་འཇུག་ཁང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་མཛུབ་སྟོན་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་བཀའ་རྒྱ་འབྱོར་མ་ཐག་བྱ་སྤྱོད་སྤེལ་བ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་སྒོ་ནས་འཕྲལ་སྡོམ་ཚན་ཞིབ་འགག་སྒྲོལ་ལས་དོན་སྤེལ་བ་བརྒྱུད། དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དེ་ཐོག་ནས་མི་དམངས་དམག་དཔུང་གིས་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་རང་གཤིས་དང་། དམག་འཐབ་དྲག་པོ་རྒྱག་ཕོད་པ་དང་རྒྱལ་ཁ་ལེན་མཁས་པོ་བྱེད་པའི་སྤྱོད་ཚུལ་བཟང་པོ་གང་ལེགས་མངོན་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཁོང་ཚོར་ཡང་འབད་བསྐྱར་འབད་ཀྱིས་འཕྲལ་སྒྲུབ་རུ་ཁག་དང་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བདེ་འཇགས་དང་ཕན་ནུས་ལྡན་པའི་རིམས་འགོག་སྨན་ཁབ་དང་། སྨན་རྫས། ཞིབ་དཔྱད་ཚོད་ལྟའི་སྨན་རྫས་བཅས་གང་མགྱོགས་ཞིབ་འཇུག་བྱས་ནས་བཟོས་ཏེ་རིམས་ནད་འགོག་རྒོལ་གྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་སྐོང་དགོས་པ་དང་། རིམས་ནད་ཀྱི་འབྱུང་ཁུངས་འདེད་ཐུབ་པ་དང་། ནད་བརྟག་ཐུབ་པ། སྔོན་འགོག་ཐུབ་པ། སྨན་བཅོས་ཐུབ་པ། ཚོད་འཛིན་ཐུབ་པ་བཅས་ཀྱི་ཐད་མཉམ་ཤུགས་བཏོན་ནས་འགག་སྒྲོལ་གྱིས། དམག་འཐབ་དྲག་པོ་དེ་བརྒྱབ་པ་བརྒྱུད་རང་བདག་ཤེས་བྱའི་བདག་དབང་ལྡན་པའི་ལྟེ་བའི་ཚན་རྩལ་དེ་བས་མང་བ་ཁོང་དུ་ཆུད་པ་དང་། ཕན་ནུས་ལྡན་པའི་ཐོན་རྫས་དེ་བས་མང་བ་བཏོན་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་བདེ་འཇགས་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

    དམག་དོན་གསོ་རིག་ཞིབ་འཇུག་ཁང་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་ཆིང་ཧྭ་སློབ་ཆེན་གསོ་རིག་སློབ་གླིང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། གོ་ལ་ཧྲིལ་པོའི་བདེ་ཐང་དང་འགོ་ནད་ཞིབ་འཇུག་ལྟེ་གནས་དང་། སྐྱེ་དངོས་གསོ་རིག་ཞིབ་དཔྱད་ཚད་ལེན་ལག་རྩལ་དང་ཡོ་ཆས་པེ་ཅིང་ཚོད་ལྟ་ཁང་དུ་སྔ་རྗེས་སུ་ཕེབས་ནས་རིགས་གཅིག་མཁས་ཅན་གྱི་ས་ནས་གསར་གཏོད་སྨན་རྫས་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་གནས་ཚུལ་དང་ཞིབ་དཔྱད་ཚད་ལེན་ཚོད་ལྟའི་སྨན་རྫས་གསར་པ། ཞིབ་དཔྱད་ཚད་ལེན་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། རྩབས་འབྲེལ་རིམས་འགོག་རྔུབ་འབྱར་ཚོད་ལྟར་གཟིགས་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ལ་འཐབ་ཕྱོགས་གཉིས་ཡོད་པ་སྟེ། གཅིག་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོ་དང་། གཅིག་ཤོས་ནི་ཚན་ཞིབ་དང་དངོས་ཟོག་ཐོན་སྐྱེད་བྱེད་པའི་འཐབ་ཕྱོགས་རེད། འཐབ་ཕྱོགས་དེ་གཉིས་ཀྱིས་ཕན་ཚུན་གཞོགས་འདེགས་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་རྒྱག་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཁོང་ཚོར་མདུན་ཕྱོགས་ཀྱི་འཐབ་ས་དང་པོ་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་ཧྲག་པོ་སྒྲིག་འཛུགས་དང་ཛ་དྲག་དོན་དག་འཕྲལ་དུ་བསྒྲུབས་ནས། ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་གསར་པ་དང་། དུག་སྲིན་འགོག་པའི་སྨན་རྫས། རིམས་འགོག་སྨན་ཁབ། ནད་བརྟག་སྨན་བཅོས་ཇུས་གཞི་སོགས་ཀྱི་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས་པའི་བླང་བྱ་བཏོན་གནང་ཞིང་། ཁོང་གིས་རང་རྒྱལ་ནི་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། རིམས་ནད་ཚབས་ཆེན་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་གྱི་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོས་ལྷོད་གཡེང་སྐད་ཅིག་ཙམ་ཡང་གཏོང་མི་རུང་བའི་དོན་ཆེན་ཞིག་རེད། རྒྱལ་ཁབ་ཀྱི་རིམས་ནད་ཚབས་ཆེན་ལྟ་སྐུལ་ཚོད་འཛིན་གྱི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལག་རྩལ་གསར་ཤོས་འགག་སྒྲོལ་དང་རྩེར་སོན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་ལ་ཁ་གཏད་གཅོག་པའི་རང་རྒྱལ་གྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གང་མགྱོགས་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    དེ་རྗེས། ཞི་ཅིན་ཕིང་གིས་ཆིང་ཧྭ་སློབ་ཆེན་གསོ་རིག་སློབ་གླིང་དུ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས། རྒྱལ་ཡོངས་ཀྱི་སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ལས་དོན་སྐོར་གྱི་ཚན་རྩལ་པུའི་སྙན་སེང་དང་། ནུས་པ་ལྡན་པའི་ནད་ཐོག་སྨན་བཅོས་བེད་སྤྱོད་ཉམས་མྱོང་དང་ནུས་པ་ལྡན་པའི་ནད་བརྟག་སྨན་བཅོས་ཇུས་གཞིའི་ཕྱོགས་སྡོམ་ཁྱབ་གདལ་ལས་དོན་སྐོར་གྱི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྙན་སེང་གསན་པ་རེད།

    སྙན་སེང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རིམས་ནད་ཐོན་ཚུན་རྒྱལ་ཡོངས་ཀྱི་ཚན་རྩལ་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ཚན་ཞིབ་འགག་སྒྲོལ་ཚོགས་ཆུང་བཙུགས་ནས། ནད་ཐོག་སྨན་བཅོས་ཀྱི་སྐྱོབ་བཅོས་དང་སྨན་རྫས་དང་། རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ། ཞིབ་དཔྱད་ཚད་ལེན་ལག་རྩལ་དང་ཐོན་རྫས། ནད་དུག་གི་ནད་ཀྱི་འབྱུང་རྩ་རིག་པ་དང་ནད་ཡམས་རིག་པ། སྲོག་ཆགས་ཀྱི་དཔེ་དབྱིབས་བཟོ་བ་སོགས་ཀྱི་འགག་སྒྲོལ་ཁ་ཕྱོགས་ཆེན་པོ་ལྔ་གཏན་འཁེལ་བྱེད་པ་དང་། རིག་ཚན་དང་ཁྱབ་ཁོངས་སྒྲོལ་བའི་ཚན་ཞིབ་རུ་ཁག་སྒྲིག་འཛུགས་བྱེད་པ། ཚན་ཞིབ་དང་། ནད་ཐོག་སྨན་བཅོས། སྔོན་འགོག་ཚོད་འཛིན་བཅས་ཀྱི་འཐབ་ས་དང་པོ་ཕན་ཚུན་མཉམ་ལས་བྱེད་པ། ཐོན་སློབ་ཞིབ་གསུམ་གྱི་ཕྱོགས་ཁག་གཞོགས་འདེགས་དམ་ཟབ་བྱེད་པ་བཅས་བྱས་པ་བརྒྱུད། དུས་ཐུང་ཟླ་གཅིག་ལྷག་ཙམ་ནང་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ད་ཐེངས་ཀྱི་འཐབ་རྩོད་གལ་ཆེན་དེའི་ནང་། རྒྱ་ཆེའི་ཚན་རྩལ་ལས་དོན་པས་འབད་འཐབ་དང་ལེགས་སྐྱེས་འབུལ་བའི་སྤྱོད་ཚུལ་བཟང་པོ་དང་གཟབ་ནན་དོན་གཉེར་གྱི་ཆེད་ལས་སྙིང་སྟོབས་གང་ལེགས་མངོན་ཡོད། མིག་སྔར། མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པར། ད་དུང་དཀའ་སྤྱད་འབད་བརྩོན་བྱེད་དགོས་ཀྱི་ཡོད། གནས་ཚུལ་འདི་འདྲར་ཇི་ཙམ་ཕྱོགས་སྐབས། དེ་ཙམ་གྱིས་ཚན་རིག་ལ་བརྟེན་ནས་ལན་དང་བྱ་ཐབས་རྙེད་པ་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས། འབད་བརྩོན་ཆེན་པོས་ནད་པ་དེ་བས་མང་བའི་སྲོག་སྐྱོབ་རྒྱུ་ནི་ཁ་ཚ་དགོས་གཏུགས་དང་གལ་ཆེའི་ནང་གི་འགངས་ཆེའི་ལས་ཀ་ཞིག་ཡིན་པས། སྨན་རྫས་དང་སྨན་བཅོས་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་ནད་ཐོག་སྨན་བཅོས་སྐྱོབ་བཅོས་ཟུང་འབྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་དྲག་སྐྱེད་བྱུང་ཚད་མཐོ་རུ་དང་ནད་གཞིས་རྐྱེན་པས་འཆི་ཚད་དམའ་རུ་གཏོང་དགོས། ཚན་ཞིབ་འགག་སྒྲོལ་ལ་བརྟེན་ནས་མདུན་ཕྱོགས་ཀྱི་འཐབ་ས་དང་པོའི་སྐྱོབ་བཅོས་ལ་འདེགས་སྐྱོར་དང་ཞབས་འདེགས་ཞུ་རྒྱུ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནད་ཐོག་སྨན་བཅོས་ཞིབ་འཇུག་དང་ནད་ཐོག་སྨན་བཅོས་སྐྱོབ་བཅོས་མཉམ་སྒྲུབ་མཐའ་འཁྱོངས་བྱས་ནས་ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་པོར་ཚན་ཞིབ་ཀྱི་གྲུབ་འབྲས་དེ་བས་མང་བ་སྤྱོད་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་རིམས་འགོག་སྨན་ཁབ་དེ་བདེ་ཐང་གི་མི་ལ་སྤྱོད་པའི་དམིགས་བསལ་གྱི་ཐོན་རྫས་ཤིག་ཡིན་པའི་ངོས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་ཧ་ཅང་གལ་འགངས་ཆེན་པོ་ཡིན་ལ། བདེ་འཇགས་རང་བཞིན་གྱི་བླང་བྱ་ཨང་དང་པོ་ཡང་ཡིན། ད་ཡོད་ཀྱི་ལག་རྩལ་ཐབས་ལམ་སྣ་ཚོགས་བརྒྱུད། རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས་པ་དང་སྦྲགས། ཕྱི་རྒྱལ་གྱི་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་ལ་རྗེས་སྙེགས་དམ་ཟབ་བྱེད་པ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་རིམས་འགོག་སྨན་ཁབ་ནད་ཐོག་སྨན་བཅོས་ལ་ཚོད་ལྟ་དང་ཁྲོམ་རར་བཏོན་ནས་སྔ་ཙམ་སྤྱོད་ཐུབ་པའི་བརྩོན་ལེན་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་འགོ་ནད་ཚབས་ཆེན་དང་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་དང་། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་ཉེན་ཁ་དང་འགྲན་སློང་ཆེན་པོ་ཞིག་རེད། སྐྱེ་དངོས་ཀྱི་བདེ་འཇགས་དེ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ལ་བརྩིས་ནས་རྒྱུན་གཏན་དང་དམག་དུས་ཟུང་འབྲེལ་དང་། སྔོན་འགོག་དང་འཕྲལ་སྡོམ་ཟུང་འབྲེལ། ཚན་ཞིབ་དང་། སྐྱོབ་བཅོས། སྔོན་འགོག་ཚོད་འཛིན་ཟུང་འབྲེལ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་པའི་འཕྲོད་བསྟེན་ཚན་ཞིབ་འགག་སྒྲོལ་མ་ལག་སྐྲུན་པ་དང་ནུས་པ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་ཚེ་སྲོག་བདེ་འཇགས་དང་སྐྱེ་དངོས་བདེ་འཇགས་ཁྱབ་ཁོངས་ཀྱི་ཚན་རྩལ་གྲུབ་འབྲས་གལ་ཆེན་དེ་ཡང་རྒྱལ་ཁབ་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་མ་ལག་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་རེད། འགག་རྩ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་གྱི་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཐུས་སྒོ་ཚང་དུ་བཏང་ནས་མི་འབོར་བདེ་ཐང་དང་སྐྱེ་དངོས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་ཚན་ཞིབ་སྟོབས་ཤུགས་བཀོད་སྒྲིག་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། ཚེ་སྲོག་ཚན་རིག་དང་། སྐྱེ་དངོས་ལག་རྩལ། སྨན་དང་སྨན་རྫས་འཕྲོད་བསྟེན། སྨན་བཅོས་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚན་ཞིབ་མ་ལག་བསྡུ་སྒྲིལ་བྱེད་པ། རྒྱལ་ཁབ་ཀྱི་ནད་ཐོག་སྨན་བཅོས་གསོ་རིག་ཞིབ་འཇུག་ལྟེ་གནས་ཁག་གཅིག་བཀོད་སྒྲིག་བྱེད་པ། འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་སུ་ཚན་རྩལ་སྤྱོད་ཤུགས་ཆེ་རུ་གཏོང་བ། ཚེ་སྲོག་ཚན་རིག་ཁྱབ་ཁོངས་སུ་རྨང་གཞིའི་ཞིབ་འཇུག་དང་སྨན་བཅོས་བདེ་ཐང་གི་འགག་རྩ་དང་ལྟེ་བའི་ལག་རྩལ་ཚད་བརྒལ་ཡོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་འཐབ་ཇུས་གྲབས་གསོག་ནུས་པ་ཆེ་རུ་མགྱོགས་མྱུར་གཏོང་དགོས། རང་རྒྱལ་གྱི་རིམ་མཐོའི་སྨན་བཅོས་སྒྲིག་ཆས་ཀྱི་ཞན་ཆ་མགྱོགས་མྱུར་བསལ་ནས་འགག་རྩ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་མགྱོགས་སུ་གཏོང་བ་དང་ལག་རྩལ་སྒྲིག་ཆས་ཀྱི་འཇུར་མིག་གནད་དོན་བསལ་ནས་རིམ་མཐོའི་སྨན་བཅོས་སྒྲིག་ཆས་རང་བརྟེན་ཚོད་འཛིན་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བར། སྡོད་མལ་ཁོར་ཡུག་ལེགས་གཏོང་དང་། བཟའ་བཏུང་གོམས་གཤིས། སྤྱི་ཚོགས་སེམས་ཁམས་བདེ་ཐང་། སྤྱི་པའི་འཕྲོད་བསྟེན་སྒྲིག་ཆས་སོགས་ཕྱོགས་མང་པོའི་ཐད་ནས་ལས་དོན་སྤེལ་དགོས་པ་དང་། ལྷག་དོན་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཤ་རིགས་ཟ་བའི་གོམས་གཤིས་ངན་པ་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ་ཤེས་དཔལ་བདེ་ཐང་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ནི་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་ཡིན་པས་རྒྱལ་ཁབ་ཁག་གིས་མཉམ་དུ་ཁ་གཏད་གཅོག་དགོས། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་རྒྱལ་ཁབ་མང་པོ་ཞིག་ལ་ཐོན་ཡོད་པས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་གཏུག་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་རྒྱལ་ཁབ་དང་ལྷག་དོན་དུ་རིམས་ནད་ཐོན་མང་བའི་རྒྱལ་ཁབ་དང་མཉམ་དུ་ཁུངས་འདེད་དང་། སྨན་རྫས། རིམས་འགོག་སྨན་ཁབ། ཞིབ་དཔྱད་ཚད་ལེན་སོགས་ཀྱི་ཐད་ཚན་ཞིབ་མཉམ་ལས་བྱས་ནས་ཚན་ཞིབ་ཀྱི་གྲངས་གཞི་དང་ཆ་འཕྲིན་མཉམ་དུ་སྤྱོད་པ་དང་། ཁ་གཏད་གཅོག་པའི་ཐབས་ཇུས་ལ་ཐུན་མོང་ཐོག་ཞིབ་འཇུག་བྱས་ནས་བཏོན་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད། བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།