དབུ་ཤོག>གསར་འགྱུར།
  • ཞི་ཅིན་ཕིང་གིས་ནད་ཡམས་ལས་རྒྱལ་བའི་ཐབས་ཤེས་ཡག་ཤོས་འདི་རེད་གསུངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-03

    ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་ལས་དོན་ལ་རྟོག་ཞིབ་གནང་བ་དང་ཆབས་ཅིག ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་ཞིང་། ཁོང་གིས་མིའི་རིགས་ཀྱིས་ནད་གཞིར་ཁ་གཏད་གཅོག་པའི་ཐབས་ཤེས་ཡག་ཤོས་ནི་ཚན་རིག་ལག་རྩལ་ཡིན་པ་དང་། མིའི་རིགས་ཀྱིས་གནོད་འཚེ་དང་རིམས་ནད་ཚབས་ཆེན་ལས་རྣམ་པར་རྒྱལ་བར་ཚན་རིག་འཕེལ་རྒྱས་དང་ལག་རྩལ་གསར་གཏོད་དང་ཁ་འབྲལ་ཐབས་མེད། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་གྱི་འགག་གནད་ལས་སྒྲོལ་རྒྱུ་དེ་གལ་ཆེ་ལ་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ལ་བརྩིས་ནས་རིག་ཚན་མང་པོའི་མི་སྣ་ཕྱོགས་བསྡུས་དང་། གཅིག་གྱུར་འགོ་ཁྲིད། མཉམ་སྒྲུབ་སྐུལ་འདེད་བཅས་ཀྱིས་ཚན་རིག་རང་བཞིན་མཐའ་འཁྱོངས་དང་བདེ་འཇགས་རང་བཞིན་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་གང་མགྱོགས་བསལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པར་ཚན་རྩལ་གྱི་འདེགས་སྐྱོར་ཆེན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

        ཞི་ཅིན་ཕིང་དམག་དོན་གསོ་རིག་ཞིབ་འཇུག་ཁང་ནས་ཞལ་གྱེས་ཏེ་ཆིན་ཧྭ་སློབ་ཆེན་གསོ་རིག་སློབ་གླིང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་རང་རྒྱལ་ནི་མི་འབོར་དུང་ཕྱུར་14ལྷག་ཙམ་ཟིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། རིམས་ནད་ཚབས་ཆེན་དང་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་དགོས་པ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོས་སྐད་ཅིག་ཙམ་ཡང་ལྷོད་གཡེང་གཏོང་མི་རུང་བའི་དོན་ཆེན་ཞིག་རེད། དེར་བརྟེན། རྒྱལ་ཁབ་ཀྱི་རིམས་ནད་ཚབས་ཆེན་ལྟ་འདོམས་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལག་རྩལ་གསར་ཤོས་ཀྱི་འགག་གནད་ལས་སྒྲོལ་བ་དང་ཤེས་ལྡན་མི་སྣ་རྩེར་སོན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་ལ་ཁ་གཏད་གཅོག་པའི་རང་རྒྱལ་གྱི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གང་མགྱོགས་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

      དེ་རྗེས། ཞི་ཅིན་ཕིང་གིས་ཆིན་ཧྭ་སློབ་ཆེན་གསོ་རིག་སློབ་གླིང་དུ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་འབད་བརྩོན་ཆེན་པོས་ནད་པ་དེ་བས་མང་བའི་སྲོག་སྐྱོབ་དགོས་པ་ནི་ཁ་ཚ་དགོས་གཏུགས་དང་གལ་ཆེའི་ནང་གི་འགངས་ཆེའི་ལས་ཀ་ཞིག་ཡིན་པས། སྨན་རྫས་དང་སྨན་བཅོས་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་ནད་ཐོག་སྨན་བཅོས་སྐྱོབ་བཅོས་ཟུང་འབྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་དྲག་སྐྱེད་བྱུང་ཚད་མཐོ་རུ་དང་ནད་ཀྱིས་རྐྱེན་པའི་འཆི་ཚད་དམའ་རུ་གཏོང་དགོས། ཚན་ཞིབ་འགག་སྒྲོལ་ལ་འདེགས་སྐྱོར་དང་མདུན་ཕྱོགས་ཀྱི་འཐབ་ས་དང་པོའི་སྐྱོབ་བཅོས་ལ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནད་ཐོག་སྨན་བཅོས་ཞིབ་འཇུག་དང་ནད་ཐོག་སྨན་བཅོས་སྐྱོབ་བཅོས་མཉམ་སྒྲུབ་མཐའ་འཁྱོངས་བྱས་ནས་ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་པོར་ཚན་ཞིབ་ཀྱི་གྲུབ་འབྲས་དེ་བས་མང་བ་སྤྱོད་དགོས། སྨན་རྫས་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་དང་མཉམ་སྤྱོད་མཐའ་འཁྱོངས་བྱས་ཏེ། ཞིབ་འཇུག་གསར་སྤེལ་དང་གདམ་གསེས་བྱས་པའི་ནུས་ལྡན་སྨན་རྫས་ཁྱབ་གདལ་བེད་སྤྱོད་མགྱོགས་པོ་བྱེད་དགོས་པ་དང་སྦྲགས། འཐབ་ས་དང་པོའི་སྐྱོབ་བཅོས་ཀྱི་དགོས་མཁོ་གཞིར་བཟུང་། ནུས་པ་ལྡན་པའི་སྨན་རྫས་ཁག་གཅིག་སླར་ཡང་གདམ་གསེས་དང་སྨན་བཅོས་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཏེ་ནད་གཞི་ཡང་བའི་ནད་པའི་ནད་གཞི་ལྕི་རུ་འགྲོ་རྒྱུ་འགོག་གང་ཐུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།