
འདི་ནི་ནག་ཆུ་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྐྱེ་དངོས་ཚོད་ལྟ་ཁང་གི་ལས་དོན་མི་སྣས་ཏོག་གསར་ནད་དུག་གི་PCRཡི་བརྟག་དཔྱད་ལེགས་གྲུབ་བྱུང་རྗེས“ཤུགས་རྒྱོབ”ཅེས་པའི་ལག་བརྡ་བྱེད་བཞིན་པ།
ཟླ་2ཚེས་8ཉིན་གྱི་ཆུ་ཚོད་19ལྷག་ཙམ་ལ། ཆུ་ཚོད་ལྔ་ལྷག་ཙམ་གྱི་ཛ་དྲག་ལ་གོ་རིམ་ལྡན་པའི་བཀོལ་སྤྱོད་བྱས་པ་བརྒྱུད། ནག་ཆུ་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཚོད་ལྟ་ཁང་ནས་གཏམ་བཟང་གྲགས་པ་རེད། ཏོག་གསར་ནད་དུག་གི་PCRཡི་བརྟག་དཔྱད་ལེགས་གྲུབ་བྱུང་བ་དང་། མི་སྒེར་གྱི་འགོག་སྲུང་གནད་ལ་འཁེལ་ཞིང་བརྟག་དཔྱད་བཀོལ་སྤྱོད་ཚད་དང་མཐུན་པ། མ་དཔེར་བརྟག་དཔྱད་བྱས་རྗེས་ཚང་མ་སྲིབས་གཤིས(ན་ཚ་མེད་པ)ཡིན་པ་མངོན་པ་མ་ཟད། མ་དཔེའི་ཞིབ་བསྡུར་འབྲས་བུ་ཡང་རྒྱུན་གཏན་ལྟར་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་2ཚེས་6ཉིན། ནག་ཆུ་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྐྱེ་དངོས་ཚོད་ལྟ་ཁང་དུ། རང་སྐྱོང་ལྗོངས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཏོག་གསར་ནད་དུག་ཚོད་ལྟ་ཁང་གི་སྐྱེ་དངོས་ཀྱི་བདེ་འཇགས་ལ་ཡུལ་དངོས་ཀྱི་དཔྱད་དཔོག་ལམ་ལྷོངས་བྱུང་བ་རེད།