དབུ་ཤོག>གསར་འགྱུར།
  • ཟོལ་མེད་ཀྱི་བརྩེ་སེམས་ཟབ་མོར་བརྟེན་ནས་རིམས་ནད་འགོག་རྒོལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2020-02-14

    ཟོལ་མེད་ཀྱི་བརྩེ་སེམས་དང་རེ་བ་ལས་ལྷག་པའི་དྲོ་སྐྱིད་ཅིག་མེད་ལ་བརྩེ་སེམས་ཟབ་མོ་དང་མཐུན་སྒྲིལ་ལས་ལྷག་པའི་སྟོབས་ཤུགས་ཅིག་མེད། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་དགོས། རིམས་ནད་ཀྱི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་ཀུན་སེམས་གཅིག་སྒྲིལ་ཡོད་པས། མི་རིགས་ལྔ་བཅུ་ང་དྲུག་གིས་ཕྱར་བ་གྲུ་འདེགས་བྱས་ཚེ་ཁྱད་བསད་མི་ཐུབ་པའི་དཀའ་ངལ་མེད་ལ་སྒྲོལ་མི་ཐུབ་པའི་ཀྱག་ཀྱོག་གི་ལམ་བུའང་མེད་པས་ཀྲུང་གོ་མི་དམངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ཕྱོགས་ཡོངས་ནས་ལེན་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད།

    རིམས་ནད་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་སེམས་ཀྱིས་ཁེངས། ད་ཐེངས་ཀྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་རིང་། ལྟ་རེས་སྐྱོང་རེས་ཀྱི་སྟོབས་ཤུགས་སླར་ཡང་གཅིག་ཏུ་སྒྲིལ་བ་དང་མཐུན་སྒྲིལ་དང་མཛའ་མཐུན་གྱི་བརྩེ་སེམས་སླར་ཡང་དམ་པོར་སྦྲེལ་ནས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ཏེ་ཧུའུ་པེའི་མི་དམངས་དང་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་གྱི་བསམ་པ་དང་དྲིན་ཚོར་གྱི་བསམ་པ་མཚོན་པར་བྱས་ཡོད། རྒྱ་ཆེའི་སྨན་དོན་མི་སྣ་དང་རིམས་འགོག་ལས་དོན་པས་རང་འགུལ་ངང་རེ་འདུན་ཞུས་ཏེ་ཕྱིར་བཤོལ་གཏན་ནས་མི་བྱེད་པར་གདོང་མཆོང་དང་། ལས་བྱེད་པ་དང་མང་ཚོགས་དང་། ལས་རིགས་ཁག མི་རིགས་ཁག་དང་ལས་རིགས་ཁག་བཅས་ཀྱིས་དངུལ་དང་དངོས་པོ་གཅིག་རྗེས་གཉིས་མཐུད་ངང་ཞལ་འདེབས་ཕུལ་ནས་ཧུའུ་པེའི་འཐབ་ས་དང་པོར་རོགས་སྐྱོར་བྱེད་པ་དང་། སློབ་གྲྭའི་དགེ་སློབ་དང་། རིག་རྩལ་ལས་དོན་པ། གསར་འགྱུར་ལས་དོན་པ་བཅས་ཀྱིས་རྩོམ་རིག་དང་སྒྱུ་རྩལ་བརྩམས་ཆོས་སྣ་ཚོགས་ཧུར་ཐག་བརྩམས་ནས་རིམས་འགོག་གི་སྙིང་སྟོབས་ལ་བསྟོད་གླུ་བླངས་ནས་དྲང་ནུས་བརྒྱུད་སྤེལ་བྱས་ཡོད། ང་ཚོ་བོད་ཀྱི་མཐའ་མཚམས་སུ་གནས་ནའང་སེམས་པ་ཧུའུ་པེའི་རིམས་འགོག་གི་འཐབ་ས་མདུན་མར་བཅངས་ཏེ། མི་ཚང་མས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་རིམས་ནད་འགོག་རྒོལ་ལ་རམ་འདེགས་བྱེད་པ་དང་། ཧུའུ་པེའི་ཝུའུ་ཧན་ལ་ངར་ཤུགས་སློང་བ། རླབས་ཆེན་མེས་རྒྱལ་ལ་ཤུགས་རྒྱག་རོགས་བཅས་བྱས་ཡོད།

    རིམས་ནད་ཀྱི་མདུན་དུ། ང་ཚོ་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་ལ་འགན་འཁྲིའི་གཅིག་མཐུན་འདུས་གྲུབ་ཀྱང་ཡིན། རྒྱལ་ཡོངས་སྐུལ་སློང་དང་དམངས་ཡོངས་སྐུལ་སློང་བྱེད་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནང་ཚང་མ་འཐབ་ས་མི་འདྲ་བའི་འཐབ་འཛིང་པ་ཡིན་ལ་འཐབ་ས་མི་འདྲ་བའི་འགོག་རྒོལ་པ་ཤ་སྟག་ཡིན་པས་ཚང་མས་སེམས་ཁུར་དང་དོ་སྣང་བྱེད་དགོས། སྔོན་འགོག་དང་ཚོད་འཛིན་ནན་པོ་བྱས་ནས་བོད་ལ་ཕྱི་ནས་འགོ་བའི་རིམས་ནད་མ་ཐོན་པ་དང་བོད་དུ་ནད་དཔེ་གསར་པ་མི་ཐོན་པའི་འགན་ལེན་བྱ་རྒྱུ་ནི་རྒྱལ་ཡོངས་ཀྱི་ལས་དོན་སྤྱི་ཡོངས་ལ་རྒྱབ་སྐྱོར་ཆེ་ཤོས་བྱས་པ་ཞིག་རེད། ང་ཚོས་ངེས་པར་དུ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་དུས་ངལ་མཉམ་སེལ་དང་ཕྱར་བ་གྲུ་འདེགས་ཀྱིས་རིམས་ནད་མཆེད་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་མངའ་ཁོངས་ཡག་པོ་སྲུང་བ་དང་། བརྟན་པོར་གནས་པ། ཟང་ཟིང་མི་བཟོ་བ་བཅས་ཀྱི་འགན་ལེན་བྱེད་དགོས། ང་ཚོས་ངེས་པར་དུ་ཕྱར་བ་གྲུ་འདེགས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཞིབ་ཚགས་བྱས་ནས་ཇུས་ཤུགས་མཉམ་འདོན་གྱི་ལྟེ་གཅིག་སྒོར་མོ་འབྲི་བ་དང་། མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་དྲ་རྒྱ་ཚགས་དམ་དུ་བཏང་ནས་རིམས་ནད་མཆེད་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་ཏང་ཀྲུང་དབྱང་གི་སེམས་ཁྲལ་སེལ་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་དཀའ་ངལ་སེལ་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱ་ཆེད་བོད་ཀྱི་ཉམས་འགྱུར་མངོན་པ་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོ་ནི་ང་ཚོ་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་རེད། ང་ཚོས་ཀུན་སེམས་གཅིག་སྒྲིལ་དང་། ཕྱར་བ་གྲུ་འདེགས། ལྟ་རེས་སྐྱོང་རེས་བཅས་བྱས་ཏེ་ལྷག་བསམ་རྣམ་དག་ལ་བརྟེན་ནས་རིམས་ནད་ལས་རྣམ་པར་རྒྱལ་བའི་སྲ་ཞིང་བརྟན་པའི་ལྕགས་རི་རིང་པོ་བསྐྲུན་ཏེ་ཟོལ་མེད་ཀྱི་བརྩེ་སེམས་ཟབ་མོར་བརྟེན་ནས་ཀྲུང་གོའི་ས་གཞི་ཆེན་པོ་སྲུང་སྐྱོང་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།