དབུ་ཤོག>གསར་འགྱུར།
  • རྒྱལ་མཚམས་ཡག་པོ་བསྲུངས་ཏེ་རིམས་ནད་ལ་འགོག་རྒོལ་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-13

    ཏོག་གསར་གློ་ཚད་ཐོན་པ་ནས་བཟུང་། ལྷ་ས་འགག་སྒོ་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱིས་བརྡ་ལན་ཧུར་ཐག་ཞུ་བ་དང་། བྱ་སྤྱོད་གང་མགྱོགས་སྤེལ་བ། རོགས་སྐྱོར་གང་མགྱོགས་བཅས་བྱས་ཏེ། གཡུལ་ས་དང་། ལས་གནས། ཁྱབ་ཁོངས་བཅས་མི་འདྲ་བར་ཁོང་ཚོའི་སྟོབས་ཤུགས་ལྡན་ལ་གསོན་ཤུགས་རྒྱས་པའི་གཟུགས་བརྙན་མངོན་པར་བྱས་པ་ལས་གུང་གཞོན་སྡེ་ཚོགས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་བྱ་སྤྱོད་སྤེལ་ཐུབ་པ་མཚོན་ཡོད་ལ། རྒྱལ་མཚམས་སྲུང་མཁན་གྱི་ལང་ཚོའི་སྟོབས་ཤུགས་ཀྱང་མངོན་ཡོད།

    སྒྲོལ་མ་གཉིས་ཀྱིས་གྲོ་མོ་བརྟན་པོར་སྲུང་བ།

    འདི་ལོའི་ཟླ་1ནས་བཟུང་། གྲོ་མོར་བཅའ་སྲུང་ལས་མི་ཡེ་ཤེས་སྒྲོལ་མ་དང་བཀྲ་ཤིས་སྒྲོལ་མ་གཉིས་ཀ་གྲོ་མོ་འགག་སྒོའི་སྡེ་ཚོགས་ཀྲི་པུའུ་རུ་ཡོད་པ་དང་། ཡེ་ཤེས་སྒྲོལ་མ་ནི་མངལ་འཁོར་ནས་ཟླ་4སོང་བའི་སྦྲུམ་མ་ཞིག་རེད།

    རིམས་ནད་ཐོན་རྗེས་སྒྲོལ་མ་གཉིས་གང་མགྱོགས་དམག་འཐབ་ལ་ཞུགས་ནས་བརྙན་ལམ་ཚོགས་འདུ་ནས་ལྷ་ས་འགག་སྒོའི་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་དང་དམག་འཐབ་བཀོད་སྒྲིག་དུས་ཐོག་ཏུ་ཤེས་རྟོགས་བྱས་པ་རེད། མཛོད་ཁང་གི་ཅ་དངོས་རྩིས་བཤེར་དང་། དངོས་ཟོག་གྲ་སྒྲིག སྔོན་འགོག་ཚོད་འཛིན་གྱི་ནང་སྦྱོང་། དུག་སེལ་སོགས་ཀྱི་བྱ་སྤྱོད་རབ་དང་རིམ་པར་བྱང་ཆ་ལྡན་ལ། ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པས། འགག་སྒོ་ཧྲིལ་པོའི་སྔོན་འགོག་ཚོད་འཛིན་ལ་ཆེད་ལས་ཀྱི་དཔེ་སྟོན་བྱས་པ་རེད།

    ཟླ་1ཚེས་31ཉིན་ལས་རེས་ཚར་རྗེས་ལྷ་སར་ལོག་རྒྱུའི་འཆར་གཞི་ཡོད་ཀྱང་། རིམས་ནད་ཐོན་པས་ཁོང་གཉིས་ཀྱིས་རྩ་འཛུགས་ལ་འཕྲལ་མར“དམག་འཐབ་ལ་ཞུགས་པའི་རེ་འདུན་ཡི་གེ”ཕུལ་བ་དང་། ཡི་གེའི་ནང“གསོ་བ་རིག་པའི་ཆེད་ལས་སྦྱངས་མྱོང་བའི་ལས་མི་ཞིག་གི་ངོས་ནས་ང་ཚོས་རྒྱལ་མཚམས་སྲུང་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་བློ་མཐུན་ཚོ་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་ཐུན་མོང་ཐོག་དམག་འཐབ་དེར་རྒྱལ་ཁ་ལེན་དགོས་ངེས་རེད”ཅེས་འཁོད་ཡོད།

    འཐབ་ས་དང་པོར་མ་ཕྱིན་ན་སེམས་པ་ལྷོད་ལ་བབས་ཐབས་བྲལ་བ།

    སྐྱིད་རོང་འགག་སྒོ་ནི་མིག་སྔར་བོད་ཀྱི་ལས་སྒོ་གཉེར་འབོར་མང་ཤོས་ཀྱི་སྐམ་སའི་ཚོང་ལམ་འགག་སྒོ་ཞིག་ཡིན་པ་དང་། དཔྱིད་གསར་དུས་ཆེན་རིང་ནེ་པ་ལ་ནས་ཕྱིར་རང་རྒྱལ་དུ་ལོག་པའི་མི་མང་པོ་ཞིག་སྐྱིད་རོང་འགག་སྒོ་བརྒྱུད་དགོས། རིམས་ནད་ཐོན་རྗེས་སྐྱིད་རོང་འགག་སྒོའི་གནས་བབ་སྔར་ལས་གལ་འགངས་ཆེ་བར་གྱུར་ཡོད།

    ལས་ཀ་ལྡབ་ཀྱིས་མང་དུ་ཕྱིན་པས་སྐྱིད་རོང་འགག་སྒོའི་བཅའ་སྲུང་ལས་མི་ཧ་ཅང་དཀོན་པོ་ཡིན་ལ། ལས་མི་ཡོངས་ལས་རེས་ལ་ཞུགས་ཀྱང་ལས་འགན་ཧ་ཅང་ལྕི་པོ་ཡོད། དཔྱིད་གསར་དུས་ཆེན་གོང་ལྷ་ས་འགག་སྒོས་འགག་སྒོའི་འཐབ་ས་དང་པོའི་རིམས་ནད་སྔོན་འགོག་ཚོད་འཛིན་མི་སྣའི་འགན་སྲུང་དང་རྒྱབ་དཔུང་འཆར་གཞིའི་ཇུས་གཞི་བཟོས་པ་རེད། ཇུས་གཞི་བཟོ་མཁན་ཚུའེ་ཀྲུའུ་ཝེ་ཡིས་ད་ཡོད་ཀྱི་ལས་ཀ་ཚར་རྗེས་དགོང་མོ་དེར་ཁོང་གིས་སྐད་འཕྲིན་གྲོགས་ཚོམ་དུ“བསམ་འདུན་གཅིག་འགྲུབ་སོང་བས་སང་ཉིན་ནས་ནུས་ཤུགས་ཡོད་རྒུས་འཐབ་ས་མདུན་མའི་ལས་དོན་ལ་ཞུགས་ཆོག”ཅེས་བྲིས་ཡོད་ལ། ཁོང་གིས་ཕ་ཡུལ་དུ་ལོ་གསར་གཏོང་བར་འགྲོ་བའི་སྤ་སེ་བསློགས་ནས་རྩ་འཛུགས་ལ་དམག་འཐབ་ལ་ཞུགས་པའི་རེ་འདུན་ཞུ་ཡིག་ཕུལ་ཏེ་སྐྱིད་རོང་འགག་སྒོའི་འཐབ་ས་དང་པོའི་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཞུགས་རྒྱུའི་རེ་བ་བཏོན་པ་རེད།

    གང་མགྱོགས་ལས་གནས་སུ་ལོག་སྟེ་འགག་སྒོར་འབྱོར་བ།

    འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དབྱང་ཧོ་ཀྲེན་གྱིས་དཔྱིད་གསར་དུས་ཆེན་རིང་ཕ་མ་དང་བཟའ་མི་བུ་ཕྲུག་དང་མཉམ་འཛོམས་བྱེད་དགོས་བསམས་མོད། ཁྱིམ་དུ་སླེབས་མ་ཐག་པའི་ཁོང་ལ་ལས་གནས་སུ་ལོག་དགོས་པའི་བརྡ་ཐོ་འབྱོར།

    བོད་དུ་ལོག་རྗེས། དབྱང་ཧོ་ཀྲེན་གང་མགྱོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཞུགས་པ་རེད། “འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་མི་སྣ་ཞིག་གི་ངོས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་རང་ངོས་སྲུང་སྐྱོང་ཐད་ལེགས་ཆ་མང་པོ་ཡོད། ས་མཐོ་དང་། འགག་སྒོ། འཐབ་ས་དང་པོ་བཅས་སུ་ལོག་རྒྱུ་ནི་ངའི་འགན་འཁྲི་རེད”ཅེས་ལས་གོས་དཀར་པོ་གྱོན་པའི་དབྱང་ཧོ་ཀྲེན་གྱིས་དེ་ལྟར་བརྗོད།

    ནད་དུག་བཀག་ནས་དུས་བདེ་ཤར་གཏོང་ཡོང་བར་བྱེད།

    “སྤགས་གོང”ནི་ལྷ་ས་འགག་སྒོ་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་གཅེས་མིང་རེད། མི་རིགས་13ཡོད་པའི་ཁྱིམ་གཞི་ཆེན་མོ་དེས་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མར་ཁོང་ཚོས་མཐུན་སྒྲིལ་མཉམ་ལས་དང་སེམས་ནུས་གཅིག་སྒྲིལ་བྱས་ཡོད། དམག་ཆས་གྱོན་པའི་ཁོང་ཚོ་ནི་གདོང་མཆོང་དཔུང་གཏོར་གྱི་རྒྱལ་མཚམས་སྲུང་བའི་སྲུང་དམག་ཡིན་ལ། དམག་ཆས་ཕུད་རྗེས་ཁོང་ཚོ་ནི་བྱིས་བློ་མ་ཡལ་བའི་ཕྲུ་གུ་རེད།

    སེང་གེ་ཁ་འབབ་འགག་སྒོའི་སྡེ་ཚོགས་ཀྲི་པུའི་ཝང་ཁའེ་མ་གཞི་ཕ་ཡུལ་དུ་ལོ་གསར་གཏོང་བར་འགྲོ་རྩིས་ཡོད། ཁོང་མངའ་རིས་ནས་ཕ་ཡུལ་དུ་ལོག་པའི་ལམ་བར་དུ་ལྷ་སར་སླེབས་སྐབས་རིམས་ནད་ཐོན་པས། འཁོར་ཞག་དེ་ལས་གནས་བརྟན་སྲུང་བྱེད་པར་བསྒྱུར་ཏེ་མཁའ་འགྲུལ་འགག་སྒོའི་རིམས་ནད་འགོག་རྒོལ་གྱི་འཐབ་ས་མདུན་མར་བསྐྱོད། “མ་གཞི་ནང་ལ་ལོག་ཐུབ་མེད་ཀྱང་། ངས་ཁྱིམ་ཚང་ཀུན་ལ་སྲུང་སྐྱོང་བྱས་ཏེ་ནད་དུག་ལོགས་སུ་བཀར་ནས་བདེ་འཇགས་ཤར་གཏོང་ཡོང་བ་བྱེད་རྒྱུ་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།