ཉིན་ཤས་རིང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་ཛ་དྲག་ཏུ་གྱུར་བས། རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་དཀའ་ངལ་དང་ཉེན་ཁ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་དུ་སྐྱོད་པའི་སྙིང་སྟོབས་དར་སྤེལ་བཏང་ནས། མང་ཚོགས་ཀྱི་སྙིང་ཉེ་བའི་གཙོ་རྐང་ནུས་པ་འདོན་སྤེལ་བྱས་ཏེ། མཉམ་དུ་སྔོན་འགོག་ཚོད་འཛིན་དང་། མཉམ་འགོག་མཉམ་བཅོས། སྔོན་འགོག་ཚོད་འཛིན་ནན་པོ་བཅས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་ཧུར་ཐག་བསྐྲུན་པ་རེད།
“གལ་ཏེ་ཚན་པས་ང་རང་འཐབ་ས་དང་པོ་སྐྱོད་དགོས་པའི་བཀའ་བཏང་ན་ངས་མིང་ཐོ་ཨང་དང་པོ་འགོད་རྒྱུ་དང་ཆབས་ཅིག གྲ་སྒྲིག་ཨང་བསར་བྱེད་ངེས་ཡིན། ངས་སྨན་པའི་ལས་ཀ་མ་བྱས་པར་ལོ་བཅུ་ཕྲག་སོང་མོད། འོན་ཀྱང་གཞི་རྩའི་སྨན་བཅོས་ཤེས་བྱ་ཁ་ཤས་ཤེས་ཀྱི་ཡོད་པས། སྨན་དོན་ལས་རོགས་པ་ཡག་པོ་ཞིག་བྱེད་ཐུབ་ངེས་ཡིན”ཞེས་པ་འདི་ནི་ཟླ་1ཚེས་28ཉིན་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སིའི་དྲ་ཆེན་དང་རིག་ལྡན་ཁྱིམ་ཚང་གཉེར་སྐྱོང་ལྟེ་གནས་ཀྱི་ཏང་ཡོན་བསོད་ནམས་ཕུན་ཚོགས་ཀྱིས་ཀུང་སིར་ཕུལ་བའི“དམག་འཐབ་ཞུ་ཡིག”གི་ནང་དོན་རེད། ཉིན་དེ་དག་ལ་ཁོང་གིས་སློབ་གྲྭར་སྦྱངས་པའི་གསོ་རིག་ཤེས་བྱར་བརྟེན་ནས་ཀུང་སིའི《རིམས་འགོག་ལག་དེབ》རྩོམ་འབྲི་བྱས་པ་དང་རིམས་ནད་སྔོན་འགོག་ཤེས་བྱའི་དྲིལ་བསྒྲགས་སྦྱར་ཡིག་བཟོས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རང་གི་ནུས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། དེ་དང་དུས་མཚུངས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་རིང་། ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སིས་ད་དུང་ཀྲི་པུའུ་ཨུ་ཡོན་66ལས་གྲུབ་པའི་མཉམ་དུ་སྔོན་འགོག་ཚོད་འཛིན་གྱི་ཆེད་ལས་ལས་གནས་བཀོད་སྒྲིག་བྱས་པ་དང་། ཏང་ཡོན་གདོང་ལེན་རུ་ཁག་བཙུགས་ནས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་བརྙན་ལམ་ཚོགས་འདུ་ཡག་པོ་འཚོག་རྒྱུར་ཞབས་འདེགས་ཞུས་ནས་རིམ་ཁག་ཏང་སྲིད་རྩ་འཛུགས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གློག་འཕྲིན་འདེགས་སྐྱོར་ཧུར་ཐག་བྱས་པ་དང་། ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རོགས་སྐྱོར་བྱས་ཡོད་པ་རེད།
“ང་ལ་བཅར་འདྲི་བྱེད་མི་དགོས། འདི་ནི་ངས་སྒྲུབ་འོས་པ་ཞིག་རེད”ཅེས་ལྷ་ས་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཨ་སྨིས་གཞུང་ལས་ཁང་གི་གློག་ཀླད་ཀྱི་མདུན་དུ་མཐུན་སྤྱོར་ཡི་གེར་ལན་འདེབས་ཞོར་དུ་གསར་འགོད་པར་དེ་ལྟར་བཤད་བྱུང་། ཏོག་གསར་གློ་ཚད་ཀྱི་རིམས་ནད་མདུན་དུ། ཁོ་མོས་འཕྲལ་དུ་ཁོའོ་ཧྲེ་དང་གཞུང་ལས་ཁང་ཁག་གི་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ནས་དུས་ཚོད་དམ་འཛིན་གྱིས་རིམས་ནད་ལ་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་དམག་འཐབ་རྒྱག་བཞིན་ཡོད་པ་རེད། ནང་མིའི་སྐོར་གླེང་སྐབས། མ་གཞི་ནས་ཁ་གསང་པོ་ཡོད་པའི་ཁོ་མོས་མགོ་བོ་གཅུས་ནས་མིག་ཆུ་འབྱིད་བཞིན“ང་ཚོ་དམག་འཐབ་འདི་ལས་སྔ་ཙམ་རྒྱལ་ངེས་ཡིན་པའི་ཡིད་ཆེས་ཡོད། ཚང་མ་བདེ་པོ་དང་གཟུགས་པོ་ཐང་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བཤད་བྱུང་།