དབུ་ཤོག>གསར་འགྱུར།
  • ལོགས་སུ་གནས་ཀྱང་བརྩེ་སེམས་རྒྱུན་མ་ཆད། རིམས་ནད་འགོག་རྒོལ་བྱེད་པར་རང་ནུས་བཏོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-12

    བདེ་སྐྱིད་སྒྲོལ་མ་ནི་བོད་ལྗོངས་ཆུ་ཤུར་བཙོན་ཁང་གི་མི་དམངས་ཉེན་རྟོག་པ་ཞིག་ཡིན་ལ། བདེ་སྐྱིད་སྒྲོལ་མའི་བཟའ་ཟླ་དབང་ཕྱུག་ཀྱང་བོད་ལྗོངས་ཆུ་ཤུར་བཙོན་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། མ་གཞི་སྒོ་ར་གཅིག་གི་ནང་དུ་ལས་ཀ་བྱེད་ཀྱི་ཡོད་ཀྱང་། ཁོང་གཉིས་ཀྱིས་ཕན་ཚུན“ལྕགས་སྒོས”བཅད་དེ་བརྩེ་བ་མཚོན་ཐབས་བྱེད་དགོས་འཁེལ།

    རྒྱལ་ཁབ་ཁྲིམས་འཛིན་པུའུ་བཙོན་ཁང་དོ་དམ་ཅུས་དང་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལྟར། ཟླ་2ཚེས་1ཉིན་ནས་བཟུང་། ལྗོངས་ཡོངས་ཀྱི་བཙོན་ཁང་ཁག་གིས་བཀག་སྡོམ་རྣམ་པའི་ལས་རེས་ལས་སྒྲུབ་ཀྱི་རྣམ་པ་ལག་བསྟར་བྱས་པ་དང་། “བོད་དུ་ཡོད་པའི་ཉེན་རྟོག་པས་སྔོན་ལ་ལས་ཀ་བྱེད་པ་དང་བོད་དུ་ལོག་པའི་ཉེན་རྟོག་པ་རྗེས་སུ་བཅར་བའི”རྩ་དོན་ལ་གཞིགས་ཏེ་ཉིན་14རེས་སྐོར་བྱེད་པའི“ལས་དུས་གསུམ”(གསུམ་ཆ་གཅིག་གིས་ལས་རེས་ལས་སྒྲུབ་བྱེད་པ་དང་། གསུམ་ཆ་གཅིག་ཁྱིམ་དུ་ལོགས་སུ་འཇོག་པ། གསུམ་ཆ་གཅིག་ངལ་གསོ་རྒྱག་པ)ལག་བསྟར་བྱས་པ་རེད། དེས་རྐྱེན་པས་བདེ་སྐྱིད་སྒྲོལ་མ་དང་ཁོང་གི་བཟའ་ཟླ་གཉིས་དཔྱིད་གསར་དུས་ཆེན་རིང་ལས་རེས་བྱས་པ་ནས་དེ་རྗེས་ལས་འགོ་ཚུགས་པའི་བར་བསྟུད་མར་ཉིན་20ལྷག་ལས་ཀ་བྱས་རྗེས་གཞི་ནས་ཕན་ཚུན་ཐུག་ཐུབ་ཀྱི་ཡོད་པ་དང་། ཁོང་གཉིས་ཀྱི་ལོ་5ལ་སླེབས་པའི་བུ་མོ་བདེ་སྐྱིད་སྒྲོལ་མའི་ལོ་ན་བགྲེས་པའི་ཕ་མས་ལྟ་རྟོག་བྱེད་དགོས་ཀྱི་ཡོད།

    “རྒྱལ་ཁབ་ལ་དགོས་མཁོ་བྱུང་ཚེ་ང་ཚོ་ངེས་པར་དུ་མདུན་དུ་སྐྱོད་དགོས། འདི་ནི་མི་དམངས་ཉེན་རྟོག་པ་ཞིག་ལ་ཡོད་དགོས་པའི་གཞི་རྩའི་བླང་བྱ་རེད” འདི་ནི་བདེ་སྐྱིད་སྒྲོལ་མའི་སེམས་ཀྱི་སྐད་ཆ་ཡིན་པ་མ་ཟད། ཁྱིམ་ཚང་དེའི་ཐུན་མོང་གི་གདམ་ག་ཡང་རེད།

    “ཕ་མ་གཉིས་ལ་སེམས་ཁྲལ་ཆེན་པོ་འདུག འོན་ཀྱང་ཛ་དྲག་གི་སྐབས་འདིར་ངེད་གཉིས་ལའང་ཐབས་ཤེས་གཞན་མི་འདུག ང་རང་ལས་གནས་སུ་མ་བསྐྱོད་གོང་དུ་ཁོ་ཚོར་ཕྱི་རོལ་ཏུ་འགྲོ་རྒྱུ་མེད་པ་དང་། གཙང་སྦྲར་དོ་སྣང་བྱས་ཏེ་རང་ཉིད་ལ་སྲུང་སྐྱོང་བྱེད་དགོས་པའི་ཁ་ཏ་བྱས་ཡོད”ཅེས་ཁ་པར་ནས་བདེ་སྐྱིད་སྒྲོལ་མས་མིད་པ་བརྣང་བཞིན་དུ་དེ་ལྟར་བརྗོད།

    “མ་ཟད། ང་ཚོ་ལས་དཀའ་ཚེགས་ཆེ་བའི་མི་དམངས་ཉེན་རྟོག་པ་ཧ་ཅང་མང་པོ་ཡོད”ཅེས་པ་འདི་ནི་བདེ་སྐྱིད་སྒྲོལ་མས་མང་ཤོས་ཤོད་པའི་སྐད་ཆ་རེད།

    བཙོན་ཁང་གི་ཉལ་ཁང་དང་། ཟ་ཁང་། མཛོད་ཁང་སོགས་ལ་དུག་སེལ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ། ཉིན་ལྟར་ཁྲིམས་ཆད་འཁུར་མཁན་དང་དུག་གཅོད་མི་སྣ་ཚང་མའི་ལུས་པོར་ཚ་བ་ལྟ་བ་དང་། སེམས་ཁམས་ལ་སློབ་གསོ་རྒྱག་པ། དངོས་ཟོག་དམིགས་སར་འབྱོར་བར་བྱེད་པ། ཡང་དག་པའི་ལག་པ་འཁྲུ་སྟངས་སློབ་པ་སོགས་བཙོན་ཁང་གི་མི་དམངས་ཉེན་རྟོག་པས་དུས་ཚོད་མང་ཆེ་བར་ལས་ཀ་དེ་དག་ཡང་ནས་བསྐྱར་དུ་སྒྲུབ་དགོས་ཀྱང་ཁོ་ཚོས་ནན་ཏན་ངང་བླང་བྱ་ལྟར་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་ཀྱི་ཡོད།

    བོད་ལྗོངས་བཙོན་ཁང་ཁོངས་གཏོགས་སུ་བདེ་སྐྱིད་སྒྲོལ་མ་བཟའ་ཚོ་ཕུད་པའི་དེ་མིན་གྱི་རིམས་ནད་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་བཞིན་པའི་བཟའ་ཚང་གཉིས་ཀ་ཉེན་རྟོག་པ་ཡིན་པའི་ཁྱིམ་ཚང་མང་པོ་ཡོད།

    བཀག་སྡོམ་རྣམ་པའི་དོ་དམ་ལས་སྒྲུབ་ཁག་དང་པོའི་མི་དམངས་ཉེན་རྟོག་པ་ལྷ་ས་བཙོན་ཁང་བཞི་པའི་བཙོན་ཁུལ་གྱི་བློ་བཟང་རྒྱལ་མཚན་གྱི་བཟའ་ཟླར་མངལ་འཁོར་ནས་ཟླ་7ཕྱིན་ཡོད་ཀྱང་སྔར་བཞིན་ཉང་བྲན་མངགས་གཏོང་ཁང་གི་རིམས་ནད་འགོག་རྒོལ་གྱི་འཐབ་ས་དང་པོར་ཡོད་པ་དང་།

    བཀག་སྡོམ་རྣམ་པའི་དོ་དམ་ལས་སྒྲུབ་ཁག་དང་པོའི་མི་དམངས་ཉེན་རྟོག་པ་ལྷ་ས་བཙོན་ཁང་གི་གཏུམ་འགོག་རུ་མི་བཀྲ་ཤིས་ཚེ་རིང་གི་བཟའ་ཟླ་སེ་ར་དགོན་དགོན་སྡེ་དོ་དམ་ཨུ་ལྷན་གྱི་རིམས་ནད་འགོག་རྒོལ་གྱི་འཐབ་ས་དང་པོར་ཡོད་པ།

    བཀག་སྡོམ་རྣམ་པའི་དོ་དམ་ལས་སྒྲུབ་ཁག་དང་པོའི་མི་དམངས་ཉེན་རྟོག་པ་ལྷ་ས་བཙོན་ཁང་ནོར་དོན་ཁོའོ་ཡི་ཧྲུའུ་རའོ་ཁྲེང་གི་བཟའ་ཟླ་སྟག་རྩེ་རྫོང་སྤྱི་བདེ་ཅུས་ཀྱི་རིམས་ནད་འགོག་རྒོལ་གྱི་འཐབ་ས་དང་པོར་ཡོད་པ།

    བཀག་སྡོམ་རྣམ་པའི་དོ་དམ་ལས་སྒྲུབ་ཁག་དང་པོའི་མི་དམངས་ཉེན་རྟོག་པ་ཆུ་ཤུར་བཙོན་ཁང་གི་ཚེ་རིང་དོན་གྲུབ་ཀྱི་བཟའ་ཟླ་ནི་ལས་ཁུངས་དེ་གའི་བཀག་སྡོམ་རྣམ་པའི་དོ་དམ་ལས་སྒྲུབ་ཁག་དང་པོའི་མི་དམངས་ཉེན་རྟོག་པ་ཞིག་ཡིན་པ།

    བཀག་སྡོམ་རྣམ་པའི་དོ་དམ་ལས་སྒྲུབ་ཁག་དང་པོའི་མི་དམངས་ཉེན་རྟོག་པ་ཆུ་ཤུར་བཙོན་ཁང་བཙོན་ཁུལ་གཉིས་པའི་སློབ་སྟོན་པ་གཞོན་པ་རིན་ཆེན་ཚེ་རིང་གི་བཟའ་ཟླ་ལས་ཁུངས་དེ་གའི་བཀག་སྡོམ་རྣམ་པའི་དོ་དམ་ལས་སྒྲུབ་ཁག་དང་པོའི་མི་དམངས་ཉེན་རྟོག་པ་ཞིག་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།