“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱེད་པའི”སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དང་པ་སྣམ་རྫོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་གྱིས། ཐུན་མོང་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། ཉེ་དུས། པ་སྣམ་རྫོང་དགེ་སྒྲུབ་མཐུན་ཚོགས་ཀྱིས་ཝུའུ་ཧན་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་མཐུན་ཚོགས་ལ་མི་དམངས་ཤོག་སྒོར་ཁྲི་10ཞལ་འདེབས་ཕུལ་བ་དང་། ཏོག་གསར་གློ་ཚད་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་གྱི་པ་སྣམ་རྫོང་གི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ལ་མི་དམངས་ཤོག་སྒོར་ཁྲི་20ཞལ་འདེབས་ཕུལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། པ་སྣམ་རྫོང་དགེ་སྒྲུབ་མཐུན་ཚོགས་ཀྱིས་རྫོང་དེའི་དམངས་སྲིད་ཅུས་ཀྱི་ལྟ་འདོམས་འོག ཞལ་འདེབས་དངུལ་རྣམས་ཝུའུ་ཧན་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་མཐུན་ཚོགས་ལ་བསྐུར་བ་དང་སྦྲགས། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ལ་འཚམས་འདྲིའི་འཕྲིན་ཡིག་བསྐུར་བ་རེད། དུས་མཚུངས་ས་གནས་ས་ཐོག་ཏུ་ཏོག་གསར་གློ་ཚད་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་གྱི་པ་སྣམ་རྫོང་གི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ལ་ཞལ་འདེབས་ཕུལ་བ་རེད།
རིམས་ནད་མདུན་དུ་རང་འགན་གཞན་དཀྲི་བྱེད་མི་རུང་། པ་སྣམ་རྫོང་དགེ་སྒྲུབ་མཐུན་ཚོགས་ཀྱི་འགན་ཁུར་བས། “རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཚུན། འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ལས་རིགས་ཁག་གི་ལས་དོན་པས་མི་ཁྲི་སེམས་གཅིག་དང་དམངས་སེམས་གཅིག་སྒྲིལ་གྱིས་ཉིན་མཚན་དབྱེར་མེད་ངང་དུ་བ་མེད་པའི་གཡུལ་འགྱེད་ཁྲོད་ཞུགས་ཏེ་ལེགས་སྐྱེས་ཧུར་ཐག་ཕུལ་བ་རེད། དགེ་སྒྲུབ་མཐུན་ཚོགས་ཀྱི་ངོས་ནས་བརྗོད་ན། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རོགས་རམ་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད་པས། རིམས་ནད་འགོག་རྒོལ་ཐད་ནུས་པས་ལྕོགས་ཚོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ངེས་རེད། ཚང་མས་གོང་འོག་སེམས་མཐུན་དང་། ལྟ་རེས་སྐྱོང་རེས། དུས་ངལ་མཉམ་སེལ། ཕྱར་བ་གྲུ་འདེགས་བཅས་བྱས་ཚེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་དྲག་པོ་དེར་རྒྱལ་ཁ་ཐོབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད”ཅེས་བཤད།