དབུ་ཤོག>གསར་འགྱུར།
  • ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བརྗོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-02-10

    ཚེས་9ཉིན། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགན་ཁུར་བ་དྲུང་ཆེ་གཞོན་པ་ཝོ་ལུང་ཁེ་ཧྥུའུ་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཁ་ཐར་གྱི་སྐུ་ཚབ་ཨ་ལི་ཡཱ·ཨ་ལེ་སཱ་ཉི་རྣམ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལུས་རྩལ་འགྲན་ཚོགས་ཆེ་གྲས་ཀྱི་བདེ་འཇགས་སྲུང་སྐྱོང་གནད་དོན་སྐོར་གྱི་ཚོགས་འདུའི་རིང་ཁོང་ཚོས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བརྗོད།

    ཝོ་ལུང་ཁེ་ཧྥུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས། ལུས་རྩལ་གྱི་བདེ་འཇགས་དང་འཕྲོད་བསྟེན་གྱི་བདེ་འཇགས་ཚང་མ་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཞིག་རེད། “རིམས་ནད་ཀྱི་མདུན་དུ་ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་མཉམ་དུ་ལངས་རྒྱུ་ཡིན”ཞེས་བརྗོད་པ་དང་། ཁོང་གིས“ཀྲུང་གོ་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་ཡོད་པས་ཀྲུང་གོ་མགྱོགས་མྱུར་དཀའ་གནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བརྗོད།

    ཨ་ལེ་སཱ་ཉི་ཡིས་སྨྱན་སྦྱོར་གྱི་གསར་འགོད་པར་ཁ་ཐར་གྱིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན་ལ། ཀྲུང་གོ་སྲིད་གཞུང་གིས་སྤྱད་པའི་བྱེད་ཐབས་ནུས་ལྡན་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བརྗོད།

    མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཀྲང་ཅུན་གྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་ཚན་པའི་མཉམ་སྡེབ་བཅར་འདྲི་དང་ལེན་བྱེད་སྐབས། རྒྱལ་སྤྱིས་མཉམ་ལས་བྱས་ཏེ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བྱས་པ་དང་། ཀྲང་ཅུན་གྱིས་ནན་བཤད་བྱས་དོན། རིམས་ནད་ཀྱི་མདུན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་དང་མཉམ་ལས་བྱ་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཀྲུང་གོར་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གྲོས་འགོ་དང་ལེན་ནན་ཏན་ཞུས་ཏེ་ལྟ་སྟངས་ཐལ་དྲག་པ་མི་སྤེལ་བ་དང་། རྒྱལ་སྤྱིའི་ཡུལ་སྐོར་ལ་ཐེ་གཏོགས་དང་མཁའ་འགྲུལ་མཚམས་འཇོག་བྱེད་པ་སོགས་ཀྱི་དགོས་པ་མེད་པའི་བྱ་སྤྱོད་ལག་བསྟར་མི་བྱེད་པ་མ་ཟད། ཀྲུང་གོ་དང་ཀྲུང་གོ་བར་མཐོང་ཆུང་རང་བཞིན་གྱི་བྱེད་སྤྱོད་དེ་བས་ཀྱང་སྤེལ་མི་རུང་བའི་འབོད་སྐུལ་བྱས་ཡོད།

    ཀྲང་ཅུན་གྱིས། མིག་སྔར། རིམས་ནད་འགོག་སྲུང་གི་ལས་དོན་འགག་རྩའི་དུས་སྐབས་སུ་སླེབས་ཡོད་ཅིང་། ཀྲུང་གོས་བྱེད་ཐབས་ཡོད་རྒུ་སྤྱད་དེ་ནུས་ཤུགས་ཡོད་རྒུས་རིམས་ནད་དང་འཐབ་རྩོད་བྱས་ནས་ནད་པ་སྐྱོབ་བཅོས་དང་རིམས་ནད་མཆེད་རྒྱུ་ཚོད་འཛིན་བྱེད་བཞིན་ཡོད། རྒྱལ་ཡོངས་ས་གནས་ཁག་གི་སྨན་བཅོས་རུ་ཁག་ཝུའུ་ཧན་དུ་བསྐྱོད་པ་དང་། སྨན་ཁང་གསར་པ་བེད་སྤྱོད་བྱས་པ། སྨན་བཅོས་དངོས་རྫས་འབོར་ཆེན་ཞིག་ཀྱང་གནས་དེར་འབྱོར་བ་དེས་ཚེ་སྲོག་དེ་བས་མང་བ་མྱུར་སྐྱོབ་ཐུབ་ཡོད་ལ་ནད་པ་དེ་བས་མང་བ་དྲག་སྐྱེད་ཀྱང་བྱུང་ཡོད། འབྲེལ་ཡོད་གནས་ཚུལ་ལས་རིམས་ནད་ཀྱི་མདུན་དུ་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཆོད་སེམས་ནི་བརྟན་པོ་དང་། སྤྱད་པའི་བྱེད་ཐབས་ནི་དུས་ཐོག་དང་། ནུས་ལྡན། འགན་ཁུར་བ་བཅས་ཡིན་ལ། ཕན་འབྲས་ཉིན་རེ་བཞིན་ཐོན་བཞིན་ཡོད་པ་ར་འཕྲོད་ཐུབ་ཡོད་ཅེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།