སྤྱི་དམངས་ཀྱིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་བྱེད་ཐབས་ཕྱོགས་སྟོན། ②
སྤྱི་དམངས་ཀྱིས་སྔོན་འགོག་བྱེད་ཐབས་ཕྱོགས་སྟོན་བཞི་པ།
སྤྱི་པའི་འདུ་གནས་སུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་ཕྱོགས་སྟོན།
ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ནི་རིམས་ནད་གསར་པ་ཞིག་ཡིན་ཞིང་། མིག་སྔར་ནད་རིགས་འདིར་བྱུང་བའི་ངོས་འཛིན་ལ་གཞིགས་ནས་ཕྱོགས་སྟོན་བཟོས་པ་དེ་ཚོང་ར་དང་། ཟ་ཁང་། གློག་བརྙན་ཁང་། KTV དྲ་ཁང་། སྤྱི་པའི་འཁྲུད་ཁང་། ལུས་རྩལ་ཁང་། འགྲེམས་སྟོན་ཁང་། མེ་འཁོར་བབས་ཚུགས། ས་འོག་ལྕགས་ལམ་བབས་ཚུགས། གནམ་ཐང་། སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སོགས་སྤྱི་པའི་འདུ་གནས་སུ་སྤྱད་ན་འཐུས།
གཅིག སྤྱི་པའི་འདུ་གནས་ཀྱི་ལས་དོན་མི་སྣས་རང་འགུལ་ངང་བདེ་ཐང་གི་བརྟག་དཔྱད་བྱེད་དགོས་པ་དང་། གལ་ཏེ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་དོགས་ཡོད་ནད་རྟགས(དཔེར་ན། ཚ་བ་རྒྱས་པ་དང་། གློ་རྒྱག་པ། མིད་པ་ན་བ། བྲང་ཁོག་བསྡམས་པ། དབུགས་གཏོང་དཀའ་བ། ཟས་ཀྱི་དང་ག་ཅུང་ཉམས་པ། གཟུགས་པོར་ཤུགས་མེད་པ། ཉོབ་མདངས་ཅུང་ཆེ་བ། སྐྱུག་མེར་ལངས་པ། སྐྱུག་པ། ཁོག་པ་བཤལ་བ། མགོ་ན་བ། སྙིང་དབྱུགས་པ། མིག་སྐྱིའི་གཉན་ཚད། རྐང་ལག་བཞི་དང་སྐེད་པའི་ཤ་གནད་ལ་ན་ཟུག་ཕྲན་བུ་གཏོང་བ་སོགས་ལྟ་བུ)ཐོན་ཚེ་ནད་གཞི་ཡོད་བཞིན་དུ་ལས་ཀར་འགྲོ་རྒྱུ་མེད།
གཉིས། གལ་ཏེ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་དོགས་ཡོད་ནད་རྟགས་ཡོད་མཁན་ཤེས་ཚེ། ལས་དོན་མི་སྣས་དེ་ལམ་སེང་ཁ་བྲལ་དགོས་པའི་རེ་བ་འདོན་དགོས།
གསུམ། སྤྱི་སྤྱོད་དངོས་རྫས་དང་སྤྱི་པའི་འབྲེལ་གཏུག་དངོས་རྫས་སམ་གནས་ལ་དུས་བཀག་ལྟར་གཙང་འཁྲུད་དང་དུག་སེལ་བྱེད་དགོས།
བཞི། སྤྱི་པའི་འདུ་གནས་ཀྱི་མཁའ་རླུང་འཁོར་རྒྱུག་ཐུབ་པ་བྱེད་དགོས། མཁའ་རླུང་སྙོམས་ཆས་མ་ལག་གམ་རླུང་འབུད་རླུང་གཡབ་འཁོར་སྐྱོད་རྒྱུན་གཏན་ཡོང་བའི་འགན་ལེན་བྱས་ཏེ། དུས་བཀག་ལྟར་མཁའ་རླུང་སྙོམས་ཆས་ཀྱི་འཚག་དྲ་གཙང་འཁྲུད་བྱེད་པ་དང་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡག་པོ་ཡོང་བ་བྱེད་དགོས།
ལྔ། གསང་སྤྱོད་ལ་ལག་པ་བཀྲུ་བྱེད་ཀྱི་དག་རྫས་འདང་ངེས་འཇོག་དགོས་པ་དང་ཆུ་ཀ་ལ་སོགས་ཆུ་མཁོ་འདོན་སྒྲིག་ཆས་རྒྱུན་གཏན་ལྟར་ཡོང་བའི་འགན་ལེན་བྱེད་དགོས།
དྲུག ཁོར་ཡུག་གཙང་སྦྲ་རྒྱུན་འཁྱོངས་བྱས་ནས་གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱེད་དགོས།
བདུན། རིམས་ནད་མཆེད་པའི་ས་ཁུལ་དུ་སྤྱི་དམངས་སྤྱི་པའི་འདུ་གནས་སུ་གང་ཐུབ་ཅི་ཐུབ་ཀྱིས་ཉུང་ཙམ་འགྲོ་དགོས་པ་དང་། ལྷག་པར་དུ་མི་ཚོགས་འདུ་འཛོམས་ཆེ་བ་དང་མཁའ་རླུང་འཁོར་རྒྱུག་ཞན་སར་འགྲོ་རྒྱུ་མེད།
སྤྱི་དམངས་ཀྱིས་སྔོན་འགོག་བྱེད་ཐབས་ཕྱོགས་སྟོན་ལྔ་པ།
སྤྱི་སྤྱོད་འཁོར་རིགས་ནང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་བྱེད་སྟངས་ཕྱོགས་སྟོན།
ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ནི་རིམས་ནད་གསར་པ་ཞིག་ཡིན་ཞིང་། མིག་སྔར་ནད་རིགས་འདིར་བྱུང་བའི་ངོས་འཛིན་ལ་གཞིགས་ནས་ཕྱོགས་སྟོན་བཟོས་པ་དེ་གནམ་གྲུ་དང་། མེ་འཁོར། ས་འོག་ལྕགས་ལམ། སྤྱི་སྤྱོད་རླངས་འཁོར། གྲུ་གཟིངས་སོགས་སྤྱི་སྤྱོད་འཁོར་རིགས་ནང་སྤྱད་ན་འཐུས།
གཅིག རིམས་ནད་མཆེད་པའི་ས་ཁུལ་གྱི་སྤྱི་སྤྱོད་འཁོར་རིགས་ལས་གནས་ཀྱི་ལས་དོན་མི་སྣས་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་ཁ་རས་སམ་ཡང་ན་N95ཁ་རས་རྒྱག་དགོས་པ་མ་ཟད། ཉིན་ལྟར་བདེ་ཐང་གི་བརྟག་དཔྱད་ཡག་པོ་བྱེད་དགོས།
གཉིས། སྤྱི་སྤྱོད་འཁོར་རིགས་ནང་ཚ་བ་འཇལ་ཆས་དང་ཁ་རས་སོགས་གྲ་སྒྲིག་བྱེད་དགོས།
གསུམ། སྤྱི་སྤྱོད་འཁོར་རིགས་ནང་གཙང་སྦྲ་དང་དུག་སེལ་བྱེད་ཐེངས་མང་དུ་བཏང་སྟེ་གཙང་སྦྲ་དང་དུག་སེལ་གྱི་ཟིན་ཐོ་དང་མཚོན་རྟགས་ཡག་པོ་རྒྱག་དགོས།
བཞི། སྤྱི་སྤྱོད་འཁོར་རིགས་ནང་རླུང་འགྲོ་ཡག་པོ་ཡོང་བ་བྱེད་དགོས།
ལྔ། རླངས་འཁོར་བབས་ཚུགས་དང་འཁོར་སྒྲོམ་ནང་གི་གཙང་སྦྲ་ཡག་པོ་རྒྱུན་འཁྱོངས་བྱས་ནས་དུས་ཐོག་ཏུ་གད་སྙིགས་གཙང་སེལ་བྱེད་དགོས།
དྲུག མི་སྣའི་ལས་དོན་དང་རེས་མོས་ངལ་གསོའི་བཀོད་སྒྲིག་ཡག་པོ་བྱས་ནས་ཁ་ལོ་བ་དང་ལས་དོན་པར་ངལ་གསོ་འདང་ངེས་ཡོང་བའི་འགན་ལེན་བྱེད་དགོས།
སྤྱི་དམངས་ཀྱིས་སྔོན་འགོག་བྱེད་ཐབས་ཕྱོགས་སྟོན་དྲུག་པ།
ནད་པ་དང་འབྲེལ་བ་དམ་ཟབ་བྱེད་མཁན་གྱི་ཁྱིམ་སྡོད་གསོ་རིག་ལྟ་ཞིབ་ཕྱོགས་སྟོན།
ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ལ་གཏན་འཁེལ་བྱུང་བའི་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱུང་མཁན་ལ་ནད་པ་དང་འབྲེལ་བ་བྱུང་བའི་ཉིན་མཇུག་ཤོས་ནས་བཟུང་གསོ་རིག་གི་ལྟ་ཞིབ་ཉིན་14བྱེད་དགོས། ཁྱིམ་དུ་ལྟ་ཞིབ་བྱེད་རིང་གསོ་རིག་ལྟ་ཞིབ་མི་སྣ་དང་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། ནད་གཞིར་ལྟ་ཞིབ་དང་ནད་གཡོག་རྒྱུག་ཚུལ་གྱི་གཙོ་གནད་ཤེས་རྟོགས་བྱས་ཏེ། ལག་པ་བཀྲུ་བ་དང་། རླུང་འགྲོ འགོག་སྲུང་། དུག་སེལ་བཅས་ཁྱིམ་ཚང་གི་སྔོན་འགོག་བྱེད་ཐབས་ཁོང་དུ་ཆུད་པ་བྱེད་དགོས།
ཁྱིམ་སྡོད་གསོ་རིག་ལྟ་ཞིབ་བྱེད་རིང་གི་ཞིབ་ཕྲའི་གྲོས་འགོ་གཤམ་གསལ་ཏེ།
(གཅིག) ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱུང་མཁན་རླུང་འགྲོ་ཡག་པའི་ཁང་མིག་རྐྱང་པར་བཀོད་སྒྲིག་བྱས་ཏེ། མི་གཞན་ལྟ་བར་ཡོང་དུ་འཇུག་རྒྱུ་མེད།
(གཉིས) འབྲེལ་འདྲིས་ཟབ་པའི་མིའི་འགུལ་སྐྱོད་ལ་ཚད་བཀག་བཟོས་ཏེ། འབྲེལ་འདྲིས་དམ་ཟབ་བྱུང་མཁན་དང་ནང་མིའི་མཉམ་སྤྱོད་ས་ཁོངས་ཆུང་དུ་གཏོང་གང་ཐུབ་བྱས་ཐོག མཉམ་སྤྱོད་ས་ཁོངས(ཐབ་ཚང་དང་འཁྲུད་ཁང་སོགས)རླུང་འགྲོ་ཡག་པོ(སྒེའུ་ཁུང་རྒྱུན་དུ་ཕྱེ་དགོས)ཡོང་བའི་འགན་ལེན་བྱེད་དགོས།
(གསུམ) ནང་མི་ཁང་པ་མི་འདྲ་བར་ལོགས་སུ་སྡོད་དགོས། གལ་ཏེ་ཆ་རྐྱེན་མེད་ཚེ་ནད་པ་དང་འབྲེལ་འདྲིས་ཟབ་པའི་མི་དང་ཉུང་མཐར་ཡང་བར་ཐག་སྨི་གཅིག་འཇོག་དགོས། ཕྲུ་གུའི་ཨ་མས་མུ་མཐུད་དམར་འབྱར་ལ་ཨ་མའི་འོ་མ་སྟེར་ཆོག
(བཞི) ནང་མི་གཞན་དག་ནད་པ་དང་འབྲེལ་འདྲིས་ཟབ་མོ་བྱེད་མཁན་གྱི་སྡོད་གནས་སུ་འགྲོ་སྐབས་ཁ་རས་རྒྱག་དགོས་པ་དང་། ཁ་རས་དེ་ངོ་གདོང་ལ་སྦྱོར་དགོས་ཤིང་། ཁང་པའི་ནང་ནས་ཁ་རས་ལ་རེག་པ་དང་རྒྱག་སྐྱོར་བྱ་རྒྱུ་མེད། ཟགས་ཁུས་ཁ་རས་རློན་པ་དང་བཙོག་པ་ཆགས་པ་ངེས་པར་དུ་ལམ་སེང་བརྗེ་པོ་རྒྱག་དགོས། ཁ་རས་ཕུད་ནས་དོར་རྗེས་ལག་པ་གཙང་མ་བཀྲུ་དགོས།
(ལྔ) ནད་པ་དང་འབྲེལ་འདྲིས་ཟབ་པའི་མི་དང་ཐད་ཀར་འབྲེལ་བ་བྱེད་པའམ་ཡང་ན་ནད་པ་དང་འབྲེལ་བ་ཟབ་པའི་མི་སྡོད་ས་ནས་ཁ་བྲལ་རྗེས་ལག་པ་གཙང་མ་བཀྲུ་དགོས། ཟ་མ་གྲ་སྒྲིག་བྱེད་པ་དང་ཟ་མ་མ་བཟས་གོང་དང་བཙོག་གཅིན་བཏང་རྗེས་ལག་པ་གཙང་མ་བཀྲུ་དགོས། གལ་ཏེ་ལག་པ་གཉིས་བཙོག་པ་དེ་ཙམ་མེད་ན་ཨ་རག་ཉིང་ཁུ་དང་དུག་སེལ་དག་རྫས་ཀྱིས་གཙང་མ་བཀྲུ་དགོས། གལ་ཏེ་ལག་པ་གཉིས་བཙོག་ཙམ་ཡོད་ན་ཡི་ཙི་དང་ཆུ་གཙང་མས་བཀྲུ་དགོས། (ཨ་རག་ཉིང་ཁུ་བེད་སྤྱོད་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་དཔེར་ན། གློ་བུར་དུ་མིད་པར་ཤོར་བའམ་ཡང་ན་མེ་སྐྱོན་ཐོན་པ་ལྟ་བུའོ)
(དྲུག) ཡི་ཙི་དང་ཆུ་གཙང་མས་ལག་པ་བཀྲུ་སྐབས་རབ་བྱུང་ན་སྤྱོད་གཅིག་མའི་ཤོག་བུས་ལག་པ་འཕྱིད་དགོས། གལ་ཏེ་ཤོག་བུ་མེད་ན་ཨ་ཅོར་གཙང་མས་ལག་པ་འཕྱིད་དགོས་པ་དང་ཨ་ཅོར་རློན་པ་ཆགས་ཚེ་བརྗེ་པོ་རྒྱག་དགོས།
(བདུན) གློ་བུར་དུ་གློ་རྒྱག་པ་དང་ཧབ་སྦྲིད་རྒྱག་སྐབས་སྣ་འགེབ་བྱེད་ཀྱི་ཤོག་བུ་སོགས་ཐད་ཀར་གཡུགས་ཆོག་པའམ་ཡང་ན་བེད་སྤྱོད་བྱས་རྗེས་ཡང་དག་པའི་སྒོ་ནས་གཙང་མ་བཀྲུ་དགོས། (དཔེར་ན་སྤྱིར་བཏང་གི་ཡི་ཙི་དང་དག་རྫས་བྱུགས་ཏེ་ཆུ་གཙང་མས་ལག་རས་བཀྲུ་དགོས)
(བརྒྱད) ནང་མིས་ནད་པ་དང་འབྲེལ་གཏུག་དམ་ཟབ་བྱུང་མཁན་གྱི་མཁོ་ཆས་ལ་ཉུང་ཙམ་རེག་དགོས། དཔེར་ན། སོ་བཀྲུ་དང་། ཐ་མག ཕོར་པ། ཁ་ལག བཏུང་བྱ། ཨ་ཅོར། འཁྲུད་རས། ཉལ་གདན་སོགས་མཉམ་དུ་སྤྱོད་མི་རུང་། ཕོར་པ་བེད་སྤྱོད་བྱས་རྗེས་དག་རྫས་དང་ཆུ་གཙང་མས་བཀྲུ་དགོས།
(དགུ) ལུའེ་འདུས་པའི་དུག་སེལ་སྨན་ཆུ་སྤྱད་དེ་ཉིན་ལྟར་ལག་པ་ཡང་སེ་འཁྲུ་བ་དང་ནང་མིས་རྒྱུན་དུ་སྤྱོད་པའི་དངོས་པོ་སྟེ། དཔེར་ན། སྔས་མགོའི་ཅོག་ཙེ་དང་། ཉལ་ཁྲིའི་སྒྲོམ། ཉལ་ཁང་གི་ནང་ཆས་གཞན་དག་བཅས་ལ་དུག་སེལ་བྱེད་དགོས། ཉུང་མཐར་ཡང་ཉིན་ལྟར་འཁྲུད་ཁང་དང་གསང་སྤྱོད་ཀྱི་ཕྱི་ངོས་ལ་གཙང་སྦྲ་དང་དུག་སེལ་ཐེངས་རེ་བྱེད་དགོས།
(བཅུ) སྤྱིར་བཏང་གི་ཡི་ཙི་དང་དང་ཆུ་གཙང་མས་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱུང་མཁན་གྱི་གྱོན་གོས་དང་། ཉལ་གདན། འཁྲུད་རས། ཨ་ཅོར་སོགས་བཀྲུ་བའམ་ཡང་ན་གོས་འཁྲུད་འཕྲུལ་འཁོར་གྱིས་ཧྲེ་ཧྲི་ཏུའུ་60ནས་90བར་དང་སྤྱིར་བཏང་གི་ཁྱིམ་སྤྱོད་གོས་འཁྲུད་དག་རྫས་ཀྱིས་བཀྲུས་རྗེས་སྐམ་པོ་སྐམ་རྐྱང་བཟོ་དགོས། ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱུང་མཁན་གྱིས་སྤྱད་པའི་ཉལ་ཆས་ཁུག་མའི་ནང་དུ་འཇོག་དགོས། ངོ་གདོང་དང་རང་ཉིད་ཀྱི་གྱོན་གོས་ལ་ཐད་ཀར་མི་རེག་པའི་ཆེད་དུ་གྱོན་གོས་རྡབ་རྡབ་གཏོང་མི་རུང་།
(བཅུ་གཅིག) སྤྱོད་གཅིག་མའི་ལག་ཤུབས་དང་སྲུང་སྐྱོང་རང་བཞིན་གྱི་གྱོན་ཆས(དཔེར་ན་འགྱིག་ཤོག་གི་སྨད་གཡོགས་ལྟ་བུ)གྱོན་ནས་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱུང་མཁན་གྱི་གཟུགས་པོའི་ཟགས་ཁུས་བཙོག་པ་བཟོས་པའི་དངོས་པོ་དང་གྱོན་གོས་སམ་ཡང་ན་ཉལ་ཆས་ལ་རེག་པ་དང་གཙང་མ་བཟོ་དགོས། ལག་ཤུབས་མ་གྱོན་གོང་དང་ལག་ཤུབས་ཕུད་རྗེས་ལག་པ་གཙང་མ་བཀྲུ་བ་དང་དུག་སེལ་བྱེད་དགོས།
(བཅུ་གཉིས) གལ་ཏེ་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱུང་མཁན་ལ་དོགས་པ་ཡོད་པའི་ནད་རྟགས་ཏེ། དཔེར་ན། ཚ་བ་རྒྱས་པ་དང་། གློ་རྒྱག་པ། མིད་པ་ན་བ། བྲང་ཁོག་བསྡམས་པ། དབུགས་གཏོང་དཀའ་བ། ཟས་ཀྱི་དང་ག་ཅུང་ཉམས་པ། གཟུགས་པོར་ཤུགས་མེད་པ། ཉོབ་མདངས་ཅུང་ཆེ་བ། སྐྱུག་མེར་ལངས་པ། སྐྱུག་པ། ཁོག་པ་བཤལ་བ། མགོ་ན་བ། སྙིང་དབྱུགས་པ། མིག་སྐྱིའི་གཉན་ཚད། རྐང་ལག་བཞི་དང་སྐེད་པའི་ཤ་གནད་ལ་ན་ཟུག་ཕྲན་བུ་གཏོང་བ་སོགས་ཀྱི་ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་སྨན་ཁང་དུ་སྐྱོད་དགོས། ཞིབ་ཕྲའི་མཛུབ་ཁྲིད་གྲོས་འགོ་གཤམ་གསལ་ཏེ།
1. སྨན་ཁང་དུ་འགྲོ་བའི་ལམ་བར་དུ་ནད་པས་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་ཁ་རས་སམ་ཡང་ན་N95ཁ་རས་རྒྱག་དགོས།
2. གལ་ཏེ་རང་ཉིད་ལ་རླངས་འཁོར་ཡོད་ན་སྤྱི་སྤྱོད་འཁོར་རིགས་ལ་མ་བསྡད་པར་སྨན་ཁང་དུ་འགྲོ་དགོས་པ་དང་ལམ་བར་དུ་རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་དགོས།
3. དུས་དང་རྣམ་པ་ཀུན་ཏུ་ཁ་རས་རྒྱག་པ་དང་ལག་པ་གཙང་མ་བཀྲུ་དགོས། ལམ་བར་དང་སྨན་ཁང་དུ་སླེབས་སྐབས་མི་གཞན་དང་རྒྱང་ཐག་རིང་ཙམ་བྱེད་དགོས། (ཉུང་མཐར་ཡང་བར་ཐག་སྨི་1འཇོག་དགོས)
4.གལ་ཏེ་ལམ་བར་ནས་འགྲིམ་འགྲུལ་ཡོ་བྱད་ལ་སྦགས་བཙོག་བཟོས་ཚེ། ལུའེ་འདུས་པའི་དུག་སེལ་སྨན་ཆུས་དུག་སེལ་བྱེད་དགོས་པ་དང་། དབུགས་ལམ་གྱི་ཟགས་ཁུའམ་ཡང་ན་གཟུགས་པོའི་ཟགས་ཁུས་བཙོག་པ་བཟོས་པའི་ངོས་ཚང་མར་དུག་སེལ་བྱེད་དགོས།
(ཡོངས་ཁུངས། རིམས་ནད་སྔོན་འགོག་ཚོད་འཛིན་ཚོགས་ཆུང)
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣