དབུ་ཤོག
  • ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་པའི་བོད་ཀྱི་ནད་པ་ཐོག་མ་དེའི་སྲོག་ལ་ཉེན་ཁ་མེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-02

    ཚེས་30ཉིན་གྱི་ཕྱི་དྲོ། གསར་འགོད་པར་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 2020ལོའི་ཟླ་1ཚེས་29ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་ནད་དཔེ་ཐོག་མ་གཏན་འཁེལ་བྱེད་པའི་གོ་རིམ་གསར་ཤོས་དང་། དེ་བཞིན《ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་བརྟག་བཅོས་ཇུས་གཞི(ཚོད་སྤྱོད་པར་གཞི་བཞི་པའི)》ནང་གཏན་འབེབས་བྱས་པ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་ནད་གཞི་ཕོག་ཡོད་པའི་དོགས་ཡོད་ནད་པ་ཐོག་མ་ཀྲང་ཆེ་གེ་མོའི་དངོས་དཔེར་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཞིབ་དཔྱད་དང་། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཚོད་ལྟ་ཁང་གིས་བསྐྱར་ཞིབ་ཚད་ལེན་བྱས་པ་མ་ཟད། ནད་ཐོག་མངོན་ཚུལ་དང་རང་སྐྱོང་ལྗོངས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་བརྟག་དཔྱད་དང་། ཞིབ་འཇུག དབྱེ་ཞིབ་བཅས་བྱས་པ་བརྒྱུད། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་ནད་དཔེ་ཐོག་མར་གཏན་འཁེལ་བྱས་པ་རེད། མིག་སྔར། ནད་པ་དེ་ལྷ་སའི་གནས་གཏན་འཁེལ་གྱི་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་སྲོག་ལ་ཉེན་ཁ་མེད། དེ་དང་འབྲེལ་བ་དམ་ཟབ་བྱེད་མྱོང་མཁན་རྣམས་ལོགས་སུ་འཇོག་ནས་གསོ་རིག་གི་ལྟ་ཞིབ་བྱེད་བཞིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲང་ཆེ་གེ་མོ། ལོ་34 སྐྱེས་པ། ཧུའུ་པེ་ཞིང་ཆེན་ནས་ཡིན་པ། ཟླ་1པོའི་ཚེས་22ནས་ཚེས་24ཉིན་བར་ཝུའུ་ཁྲང་ནས་མེ་འཁོར་ལ་བསྡད་ནས་ལྷ་སར་སླེབས་ཤིང་། ཟླ་1ཚེས་25ཉིན་གྱི་མཚན་མོ། ཀྲང་ཆེ་གེ་མོས་རང་འགུལ་ངང་བོད་རང་སྐྱོང་ལྗོངས་ཀྱི་གནས་གཏན་འཁེལ་གྱི་སྨན་ཁང་དུ་སྨན་པ་བསྟེན་པར་བསྐྱོད་པས། སྨན་ཁང་ལ་ཉར་ཏེ་ལོགས་སུ་འཇོག་ནས་སྨན་བཅོས་བྱས་པ་རེད། ཟླ་1ཚེས་28ཉིན། ནད་ཐོག་ཞིབ་དཔྱད་བྱས་རྗེས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་པའི་དོགས་པ་ཡོད་པའི་ནད་དཔེ་ཡིན་པ་གཏན་འཁེལ་བྱས་ཤིང་། ཟླ་1ཚེས་30ཉིན་རང་ལྗོངས་ཀྱི་གཞུང་ཕྱོགས་ཀྱིས་བོད་ཀྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་པའི་ནད་དཔེ་ཐོག་མ་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད།

    གཞན་ཡང་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཝང་ཡུན་ཐིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ལྗོངས་ཡོངས་སུ་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་13དུ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་པའི་ནད་པར་ཉལ་ཁྲི་500ཙམ་སྔོན་འཇོག་བྱས་ཡོད། དེ་དང་དུས་མཚུངས། ལྗོངས་ཡོངས་ཀྱིས་འགོ་ནད་དང་། ནད་གཞི་ཚབས་ཆེན། དབུགས་ལམ་སོགས་ཆེད་སྦྱོང་ཚན་ཁག་གི་སྨན་དོན་པ་1100ལྷག་ཙམ་ལས་གྲུབ་པའི་སྨན་དོན་རུ་ཁག་ཀྱང་གྲ་སྒྲིག་བྱས་ཡོད་ལ་དེ་མཚུངས་ཀྱི་སྒྲིག་ཆས་ཀྱང་སྤྱིར་བཀོད་སྒྲིག་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།