ལྗོངས་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཐད། ཟླ་1ཚེས་30ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་དབུ་བཞུགས་རིགས་གཅིག་མཁས་ཅན་ནད་གཞི་ལྕི་པོའི་གསོ་རིག་འབུམ་རམས་པ་དགེ་རྒན་ཆེ་མོ་བ་ཝང་ཞའོ་ཐིང་ལ་ཆེད་དོན་བཅར་འདྲི་བྱས་པ་ཡིན།
གསར་འགོད་པ། མིག་སྔར་རང་སྐྱོང་ལྗོངས་ཀྱིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་ནད་དཔེ་ཐོག་མའི་ནད་གཞི་གཏན་འཁེལ་བྱས་པས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་བོད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་དོན་སྙིང་གང་ལྡན་ནམ།
ཝང་ཞའོ་ཐིང་། རིམ་པ་གཉིས་ཀྱི་ཐོག་ནས་བརྗོད་དགོས་པ་སྟེ། གཅིག་ནི་བོད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གལ་འགངས་ཧ་ཅང་ཆེ་བའི་དུས་མཚམས་གསར་པར་སླེབས་ལ། ཟླ་1ཚེས་28ཉིན་བོད་ཀྱིས་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་གཉིས་པ་བཏང་བ་དང་། ཟླ་1ཚེས་29ཉིན་བརྡ་ལན་རིམ་པ་དང་པོ་བཏང་བ་རེད། ནད་གཞི་གཏན་འཁེལ་བྱུང་བའི་ནད་དཔེ་ཡོད་པ་དང་དོགས་ཡོད་ནད་དཔེ་ཡོད་པའམ་ཡང་ན་ནད་དཔེ་དེ་རིགས་མེད་པ་ནི་ཡོངས་སུ་མི་འདྲ་བ་ཞིག་རེད། ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་དང་། བརྡ་ལན་རིམ་པ་དང་པོ་འགོ་ཚུགས་ཚུན། རྒྱལ་ཁབ་ཀྱི་ཕྱོགས་ཁག་གི་བླང་བྱ་ཡོད་པས། ངས་འདི་གར་མང་པོ་ བཤད་ཀྱི་མིན། འོན་ཀྱང་ཉུང་མཐར་ཡང་སྤྱི་དམངས་ནས་སྨན་བཅོས་སྒྲིག་གཞི་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་དང་། དེ་བཞིན་རིམ་ཁག་སྨན་ཁང་སོགས་ཀྱིས་ད་རེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མཐོང་ཆེན་བྱེད་ཚད་དེ་བས་ཆེ་རུ་གཏོང་ངེས་རེད།
གསར་འགོད་པ། ཁྱེད་ནི་ཚོགས་སྒྲིག་སྨན་བཅོས་ཀྱི་བོད་སྐྱོར་རིགས་གཅིག་མཁས་ཅན་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་དབུ་བཞུགས་རིགས་གཅིག་མཁས་ཅན་ཡིན་པས། ཁྱེད་ཀྱིས་བོད་ལ་ད་རེས་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་སྨན་བཅོས་ཀྱི་ཆ་རྐྱེན་འདང་ངེས་ལྡན་མིན་ཐད་ངོས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་དམ།
ཝང་ཞའོ་ཐིང་། དེ་ནི་ཧ་ཅང་ལེགས་པའི་དྲི་བ་ཞིག་རེད། སྔོན་ཆད་རང་ཉིད་བོད་ལ་མ་ཡོང་གོང་དང་ཐ་ན་འདི་གར་རྒྱུས་མངའ་དེ་ཙམ་མེད་པའི་གོང་ངས་སྐད་ཆ་འདི་ཤོད་མི་ནུས། ལོ་མང་གི་བོད་སྐྱོར་ལས་དོན་སྤེལ་བ་དང་། ལྷག་པར་དུ་ཉེ་བའི་ལོ་ལྔ་ཙམ་རིང་ཚོགས་སྒྲིག་བོད་སྐྱོར་གྱི་ལས་དོན་སྤེལ་བས། དོན་དངོས་ཐོག་བོད་ཀྱི་ས་ཁུལ་ཡོངས་རྫོགས་དང་ལྷག་པར་དུ་ལྷ་སའི“1+7”སྨན་ཁང་འཛུགས་སྐྲུན་རྣམ་གྲངས་ཚུད་པའི་སྨན་ཁང་ཁག་གིས་སྨན་བཅོས་ལག་རྩལ་དང་མི་སྣ་བཀོད་སྒྲིག་སོགས་ཐད་ལོ་རྒྱུས་ཐོག་ཅུང་ལེགས་པའི་གནས་སུ་སླེབས་ཡོད་སྟབས། དམིགས་བསལ་གྱི་གནས་ཚུལ་ཏེ། ནད་གཞི་དེ་དང་འདྲ་བའི་ནད་པ་འབོར་ཆེན་ཐོན་པ་སོགས་ཀྱི་གནས་ཚུལ་མ་ཐོན་ན། མིག་སྔར་ལྗོངས་ཡོངས་ཀྱི་སྨན་བཅོས་ཆ་རྐྱེན་གྱིས་རིམས་ནད་ལ་ཁ་གཏད་གཅོག་ཐུབ་ངེས་རེད།
གསར་འགོད་པ། རིམས་ནད་མཆེད་ཚུལ་ཐད་བོད་ཀྱིས་མིག་སྔར་ཁ་ཚ་དགོས་གཏུག་གི་ལས་དོན་གང་དག་སྒྲུབ་དགོས་པའི་ཐད་ཁྱེད་ཀྱིས་ངོས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་དམ།
ཝང་ཞའོ་ཐིང་། ནད་གཞི་གཏན་འཁེལ་བྱུང་བའི་ནད་དཔེ་གཅིག་ཐོན་པས་རང་སྐྱོང་ལྗོངས་ཀྱིས་ཀྱང་བརྡ་ལན་རིམ་པ་དང་པོ་བཏང་ཡོད། ནད་གཞི་གཏན་འཁེལ་བྱུང་བའི་ནད་དཔེ་དེ་དང་མེ་འཁོར་གཅིག་ནང་བསྡད་པའི་འགྲུལ་པ་དང་། དེ་དང་འབྲེལ་བ་དམ་ཟབ་བྱེད་མྱོང་མཁན་འཕྲལ་མར་འཚོལ་དགོས་ངེས་རེད། མིག་སྔར་རིམས་ནད་ཀྱི་གནས་ཚུལ་ལ་གཞིགས་ན། གལ་ཆེ་ཤོས་ནི་ཕྱོགས་ཡོངས་ནས་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ལྟེ་བ་ནི་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ལོགས་འཇོག སྔ་ཙམ་ནད་བརྟག་སྨན་བཅོས་བྱ་རྒྱུ་བཅས་རེད། རང་དགར་ལོགས་སུ་སྡོད་པའམ་ཡང་ན་གཞན་གྱིས་ལོགས་འཇོག་བྱས་པ་གང་ཞིག་ཡིན་རུང་ནད་གཞི་འགོ་མཚམས་གཅོད་པ་ནི་ཧ་ཅང་གལ་འགངས་ཆེ་བའི་ལས་དོན་ཞིག་རེད། རྗེས་མཐུད་ཀྱི་སྨན་བཅོས་སྐོར་ལ། རང་སྐྱོང་ལྗོངས་ཀྱིས་གྲབས་གསོག་སྨན་བཅོས་ཀྱི་སྐྱོབ་བཅོས་ལས་དོན་སྔ་ས་ནས་གྲ་སྒྲིག་ཟིན་པས། ཁྱེད་རྣམས་ཀྱིས་ཡིད་ཆེས་བྱེད་དགོས།
གསར་འགོད་པ། བོད་འདི་ཉིད་ས་བབ་མཐོ་བའི་ས་ཁུལ་གྱི་ཁོངས་སུ་གཏོགས་པས། གློ་ཚད་གསར་པས་བོད་ལ་གནོད་འཚེ་དེ་བས་ཆེ་བ་བཟོ་སྲིད་དམ།
ཝང་ཞའོ་ཐིང་། ས་མཐོའི་ནད་རིགས་ཀྱི་ཁྱད་ཆོས་ཧ་ཅང་མངོན་གསལ་དོད་པས་ཐང་གཤོངས་ས་ཁུལ་དང་ཅུང་འདྲ་ཡི་མེད། ཚན་རིག་གི་ཟུར་ཚད་ནས་བརྗོད་ན་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་རིམས་ནད་ནི་གློ་བའི་ཐོག་ཐོན་ལ། ས་མཐོར་གནོན་ཤུགས་དམའ་བ་དང་གསོ་རླུང་དཀོན་པ་ཁྱད་ཚོས་གཙོ་བོ་ཡིན་པས། དེ་གཉིས་མཉམ་དུ་འདྲེས་ན་དུས་གོང་གི་ནད་བརྟག་ཐོན་ཚུལ་ཡིན་ནའང་འདྲ་ཡང་ན་རྗེས་མཐུད་ཀྱི་སྨན་བཅོས་གང་ཞིག་ཡིན་རུང་ཁྱད་ཆོས་གསར་པ་ལྡན་ངེས་རེད། ས་མཐོར་ཆ་བཞག་ན་གློ་ཚད་གསར་པ་དེ་བས་ཚབས་ཆེ་མིན་ཐད་ཚན་རིག་དང་མཐུན་པའི་གྲངས་གཞིས་ར་སྤྲོད་བྱེད་དགོས་ངེས་རེད།
གསར་འགོད་པ། ནང་སར་འཁོར་ཤག་དང་། གཞུང་དོན་སྒྲུབ་པ། ལས་དོན་སྒྲུབ་མཁན་བཅས་བོད་ཀྱི་མི་ཚོར་གྲོས་འགོ་གང་ཞིག་ཡོད་དམ། མིག་སྔར་རྒྱལ་ཡོངས་ཚང་མར་རིམས་ནད་ཐོན་བཞིན་ཡོད་པས་ནང་ས་ནས་ཕྱིར་ལོག་ཚེ་འཚམ་མམ།
ཝང་ཞའོ་ཐིང་། དེ་ནི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་དང་འབྲེལ་བ་ཡོད་པས་ངས་མང་པོ་བརྗོད་དགོས་མེད། ཡིན་ནའང་ཚང་མས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་ལ་ཉན་དགོས། ཛ་དྲག་པའི་ལས་ཀའི་དགོས་མཁོ་ཡོད་ཚེ་ང་ཚོ་དང་འདྲ་བར་ཁྱེད་རང་གིས་གང་ཞིག་བྱེད་དགོས་ན་དེ་ལྟར་བྱེད་དགོས། ཡིན་ནའང་། ཚན་པས་རང་ཁྱིམ་དུ་གཞུང་ལས་བྱེད་པ་དང་དྲ་ཐོག་ནས་གཞུང་ལས་སྒྲུབ་རྒྱུའི་མོས་མཐུན་བྱས་ཚེ་དེར་ངོ་རྒོལ་མི་བྱེད་ལ། དེ་སྤྱིའི་རྩ་དོན་ལས་འགལ་མེད། མདོར་ན། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབོད་སྐུལ་དང་ལེན་བྱས་ཏེ་འགྲོ་སྐྱོད་བྱེད་མ་དགོས་ན་ཡག་ཤོས་རེད།
གསར་འགོད་པ། ད་ཆ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་གྱི་ལས་དོན་སྤེལ་བཞིན་ཡོད་པས། ཇི་ལྟར་བྱས་ཏེ་མངོན་མེད་ཀྱི་གནས་ཚུལ་ལ་ནང་ངོས་ནས་ཞིབ་བཤེར་བྱེད་པའི་ཐད་ཁྱེད་ལ་གྲོས་འགོ་གང་ཞིག་ཡོད་དམ། ཁྱེད་རང་གིས་ཆེད་ལས་ཀྱི་ཟུར་ཚད་ཐོག་ནས་མི་སྒེར་གྱིས་ཇི་ལྟར་སྔོན་འགོག་བྱེད་དགོས་མིན་གསུང་རོགས།
ཝང་ཞའོ་ཐིང་། ཐོག་མར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་རྗེས་ཚང་མས་རང་ཉིད་ལ་སེམས་ཁྲལ་ཏོག་ཙམ་ཡོད་ཚེ་བྱེད་ཐབས་སྤེལ་སྲིད། དཔེར་ན། ཁྱེད་རང་གིས་གོང་དུ་བརྗོད་པའི་ད་ལྟ་ལོག་སླེབས་མ་ཐག་པའམ་ཡང་ན་རང་ཉིད་ཀྱི་གྲོགས་པོ་ཝུའུ་ཧན་ནས་ཡིན་པ་དང་། ཐ་ན་དུས་ཆེན་གོང་ཁ་ལག་མཉམ་དུ་ཟ་མྱོང་བ་ལྟ་བུའི་རིགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས། རིམས་ནད་རིག་པའི་ཁྱད་ཆོས་དག་ཁྱེད་རང་དང་འབྲེལ་བ་ཅུང་ཟད་ཡོད་ཚེ་ཕྱིར་མི་སྐྱོད་པར་ཁྱིམ་དུ་སྡོད་རྒྱུ་ནི་སྔོན་འགོག་བྱེད་ཐབས་དང་པོ་དེ་ཡིན།
གནད་དོན་གཉིས་པ་ནི་གོང་དུ་བརྗོད་ཟིན་པ་ལྟར་ཁྱིམ་དུ་བསྡད་ཚེ་ནད་གཞི་འགོ་ཤུགས་ཆུང་དུ་གཏོང་ཐུབ། འགྲོ་སྐྱོད་ཉུང་ཙམ་བྱེད་པའམ་ཡང་ན་འགྲོ་སྐྱོད་མི་བྱེད་པའི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཚང་མས་འགྲོ་སྐྱོད་མ་བྱས་ཚེ་ནད་གཞི་འགོ་ཤུགས་ཆུང་དུ་གཏོང་ཐུབ་པ་གསལ་པོ་ཤེས་པར་བྱེད་དགོས། དེ་བས་གལ་ཆེ་བ་ཞིག་ནི་ཕན་ཚུན་ཐུག་འཕྲད་བྱས་ནས་ནད་ཡམས་མཆེད་རྒྱུར་ངེས་པར་དུ་ཡིད་གཟབ་བྱེད་དགོས། རིམས་ནད་དེར་མཆེད་ཐབས་གཉིས་ཡོད་པ་ཚང་མས་ཤེས་གསལ་རེད། གཅིག་ནི་མཆིལ་མ་ལས་ནད་འགོས་པ་དང་། མཆིལ་མ་ལས་ནད་འགོ་རྒྱུ་སྔོན་འགོག་བྱེད་ཐབས་ནི་ཁ་རས་རྒྱག་རྒྱུ་དེ་ཡིན་ལ། ཕྱི་བཅོས་ཚན་ཁག་རིམ་པ་ཡན་གྱི་ཁ་རས་བརྒྱབ་ཚེ་མཆིལ་མ་ལས་ནད་འགོ་ཤུགས་ཆུང་དུ་གཏོང་ཐུབ། གཉིས་ནི་ཐུག་འཕྲད་བྱས་པ་ལས་ནད་འགོས་པ་དང་། ཐུག་འཕྲད་ནི་ཁྱེད་རང་ས་ཆ་གང་ཞིག་ཏུ་ཕྱིན་པ་དང་ཅ་ལག་གང་ཞིག་ལ་རེག་པ་དེར་ནད་པའི་མཆིལ་མ་འགོས་ཡོད་ལ། དེར་རེག་རྗེས་སུ་རང་ཉིད་ཀྱི་དབུགས་ལམ་ལ་རེག་ཚེ་ནད་གཞི་འགོས་མི་སྲིད་དམ། དེས་ན་ཕྱོགས་གཅིག་ནས་ཁ་རས་རྒྱག་དགོས་པ་དང་ཕྱོགས་གཞན་ཞིག་ནས་ལག་པ་མང་ཙམ་འཁྲུད་དགོས། མདོར་ན། སྔོན་འགོག་ཚོད་འཛིན་གྱི་ཐད་ནས་བརྗོད་ཚེ་ངས་ད་གིན་བརྗོད་པའི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་ཕུད། ད་དུང་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ལོགས་སུ་འཇོག་དགོས་པ་དང་། ཆེས་སྟབས་བདེ་ཤོས་ཀྱི་འཚོ་བའི་གོམས་གཤིས་ནི་ཁ་རས་རྒྱག་པ་དང་ལག་པ་མང་ཙམ་འཁྲུད་དགོས་པ་དེ་རེད།