ཟླ་1ཚེས་28ཉིན། རང་སྐྱོང་ལྗོངས་སྨན་རྩིས་ཁང་བོད་སྨན་སྨན་སྦྱོར་ལྟེ་གནས་ཀྱིས་མི་རྒྱུ་གང་མང་སྤྱད་དེ་དུས་ཚོད་དམ་འཛིན་གྱིས་ནག་པོ་དགུ་སྦྱོར་བཟོ་འགོ་ཚུགས་ནས་ཉིན་ལྔ་འགྲོ་ཡི་ཡོད། མི་རིང་བར་བོད་ཀྱི་མི་སེར་ཚོས་སྨན་རྩིས་ཁང་ནས་སྨན་དེ་ཉོ་ཆོག་གི་ཡོད་པ་རེད།
དེར་བརྟེན་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་རིགས་གཅིག་མཁས་ཅན་གློ་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་སྐྲ་བཟང་ལ་བཅར་འདྲི་ཞུས་པ་རེད། སྐྲ་བཟང་གིས་ད་ལྟའི་དུས་མཚམས་སུ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་རིམས་ནད་རྒྱལ་ཡོངས་སུ་མཆེད་པར་བརྟེན་མི་ཚང་མས་རིམས་ནད་སྔོན་འགོག་བྱས་ནས་རང་ངོས་ཀྱི་འགོག་བཅོས་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་ཀྱི་གདེང་ཚོད་ཆེ་རུ་གཏོང་དགོས་ཞེས་བརྗོད་པ་རེད།
སྐྲ་བཟང་གིས“མིག་སྔར་ང་ཚོ་ཚང་མས་རང་ངོས་ཀྱི་སྔོན་འགོག་ཡག་པོ་བྱེད་པ་ནི་ལྗོངས་ཡོངས་སུ་ནད་གཞི་དེ་རིགས་མི་ཐོན་པ་བྱ་ཆེད་ཀྱི་ལེགས་སྐྱེས་ཆེ་ཤོས་དེ་རེད”ཅེས་བརྗོད་པ་རེད།
སྐྲ་བཟང་གིས་བོད་ཀྱི་གསོ་བ་རིག་པའི་རིགས་པའི་གཞུང་ལུགས་ངོས་ནས་བརྗོད་ན། ནད་གཞི་དེའི་ནད་རྐྱེན་དང་ནད་གཞི་ཁྱབ་སྟངས་སོགས་བོད་ཀྱི་གསོ་བ་རིག་པའི་རིམས་ནད་ཁྱབ་ཁོངས་སུ་ཚུད་ཡོད། ནད་རྐྱེན་ནི་ཟས་སྤྱོད་བསྟེན་ཚུལ་ཉེས་པ་སོགས་ཀྱིས་ཕྱི་ནང་གི་འབྱུང་ཁམས་འཁྲུགས་ནས་བྱུང་བ་ཞིག་ཡིན་པས་བོད་ཀྱི་གསོ་བ་རིག་པའི་རིམས་ནད་སྨན་བཅོས་ཀྱི་རྩ་དོན་གཞིར་བཟུང་འགོག་བཅོས་བྱ་ཐབས་ནང་ཟས་སྤྱོད་སྨན་གསུམ་གྱི་སྔོན་འགོག་བྱ་ཐབས་ཚུད་ཡོད་ཅེས་བརྗོད་པ་རེད།
སྐྲ་བཟང་གིས་མི་སེར་དཀྱུས་མའི་ངོས་ནས་བརྗོད་ན། སེམས་བག་ཡངས་པོ་དང་རིམས་ནད་ལ་ཡང་དག་པའི་ལྟ་སྟངས་འཛིན་པ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་དང་དུས་མཚུངས་གཟུགས་པོར་སྦྱོང་བརྡར་འོས་འཚམ་བྱེད་པ་དང་མི་ཚོགས་སྟུག་ས་དང་ནད་ཡམས་འགོ་བའི་ས་ཁོངས་སུ་བསྐྱོད་མི་རུང་། ལག་པ་ཡང་སེ་འཁྲུད་པ་དང་། རླུང་འགྲོ་ཡག་པོ་ཡོང་བར་བྱེད་པ། ཁ་རས་རྒྱག་རྒྱུ་མ་བརྗེད་པ་བཅས་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
སྐྲ་བཟང་གིས་བོད་ཀྱི་གསོ་བ་རིག་པའི་རིགས་པའི་གཞུང་ལུགས་ནང་གི་སྔོན་འགོག་བྱ་ཐབས་གཞིར་བཟུང་། ཟས་སྐོམ་གྱི་སྔོན་འགོག་ཐད་དཀར་མངར་རིགས་དང་། རྗེན་ཟས། འཇུ་དཀའ་བ། ངོ་བོ་གྱུར་པ། མི་འཕྲོད་པའི་ཟས་སོགས་སྤོང་དགོས། ལྷག་པར་དུ་ཤའི་རིགས་དང་སྒོ་ང་སོགས་ངེས་པར་དུ་འཚོད་པོར་བཙོ་དགོས་པ་དང་ཆུ་ཁོལ་གང་མང་འཐུང་དགོས། སྨན་གྱི་སྔོན་འགོག་ཐད་དངོས་ཡོད་གནས་ཚུལ་གཞིར་བཟུང་། འཕྲུལ་ཐང་དང་། ནོར་བུ་7ཐང་། མ་ནུ་4ཐང་། རིན་ཆེན་གྲང་སྦྱོར། རིན་ཆེན་མང་སྦྱོར་སོགས་ཟ་དགོས་པ་དང་དགོས་ངེས་སྐབས་སྨན་པའི་མངག་བྱ་བཞིན་འཕྲུལ་ཐང་དང་ལོ་གྱོན་མཉམ་བསྲེས་བྱས་པའི་ཐང་བསྐོལ་ནས་བསྟེན་དགོས་ཞེས་བརྗོད་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་རིམས་ནད་ཐོན་ཚུན་ཀྲུང་ལུགས་དང་ཕྱི་ལུགས་ཟུང་འབྲེལ་གྱིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་རྒྱུའི་སྐོར་གྱི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་བརྡ་ཐོའི་དགོངས་དོན་རབ་དང་རིམ་པ་གཞིར་བཟུང་། ཐོལ་བྱུང་གི་འགོ་ནད་འགོག་བཅོས་བྱེད་པའི་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་གྱི་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་དོ་དམ་ཅུས་ཀྱིས་ལྗོངས་ནང་ཁུལ་གྱི་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཧུར་ཐག་བྱས་ནས་འཕྲལ་མར《བོད་རང་སྐྱོང་ལྗོངས་གསར་ཐོན་ཏོག་དབྱིབས་ནད་དུག་རང་བཞིན་གྱི་གློ་ཚད་བོད་ལུགས་གསོ་རིག་གི་འགོག་བཅོས་ཇུས་གཞི》བཟོས་པ་རེད།