བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྤྱི་བསྒྲགས།
〔2020〕ཡིག་ཨང་4པ།
《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》འདི་2020ལོའི་ཟླ་1ཚེས་11ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་དང་2020ལོའི་ཟླ་5ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས།
2020ལོའི་ཟླ་1ཚེས་11ཉིན།
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། ལས་ཀའི་འགན་འཁྲི།
ལེའུ་གསུམ་པ། སྤྱི་ཚོགས་ཀྱི་མཉམ་ལས།
ལེའུ་བཞི་པ། དྲིལ་བསྒྲགས་སློབ་གསོ།
ལེའུ་ལྔ་པ། འཛུཌ་གཏོད་དང་གཟེངས་བསྟོད།
ལེའུ་དྲུག་པ། རྩ་འཛུགས་ཀྱི་འགན་སྲུང་།
ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་བརྒྱད་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་གོང་འཕེལ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དུ་བསྐྲུན་ཐུབ་པ་བྱེད་ཆེད། རྩ་ཁྲིམས་དང་དེ་བཞིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་ལས་དོན་སྤེལ་བར་སྲོལ་ཡིག་འདི་སྤྱད་ན་འཐུས།
དོན་ཚན་གསུམ་པ། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་ཞིང་། མི་རིགས་ཁག་ཚང་མ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་གི་ཁོངས་མི་གལ་ཆེན་ཞིག་ཡིན། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་རྒྱུ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་རྒྱུ་བཅས་ནི་མི་རིགས་ཁག་གི་མི་དམངས་ཚོའི་ཐུན་མོང་གི་འགན་འཁྲི་དང་འོས་འགན་ཡིན།
དོན་ཚན་བཞི་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་སྤེལ་གཏོང་བའི་གལ་ཆེའི་གཞི་རྟེན་ཞིག་དང་། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བའི་གལ་ཆེའི་བྱ་ཐབས་ཤིག འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་གལ་ཆེའི་ཐབས་ལམ་ཞིག མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་དང་། མཛེས་སྡུག་ལྡན་པའི་མ་འོངས་མཉམ་གཏོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གཟི་བརྗིད་དང་ཕུགས་འདུན་མཉམ་སྤྱོད་བཅས་བྱེད་པའི་གལ་ཆེའི་འགན་སྲུང་ཞིག་བཅས་ཡིན།
དོན་ཚན་ལྔ་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། མི་རིགས་ཁག་ཚང་མ་འདྲ་མཉམ་ཡོང་བ་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་གི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། ཁྲིམས་ལྟར་མི་རིགས་ཀྱི་ལས་དོན་བཅོས་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། དེ་བཞིན་ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས།
དོན་ཚན་དྲུག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུཌ་གཏོད་བྱེད་པར། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་སྤྱིའི་དམིགས་ཚད་དུ་འཛིན་པ་དང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱེད་པ། མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་རྩ་བའི་ཐབས་ལམ་དུ་བྱེད་པ་བཅས་བྱས་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་པ་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་རིགས་ཁག་དབར་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་བཅས་ཡོང་བར་སྐུལ་འདེད་བཏང་ཐོག ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་གང་ལེགས་མངོན་པར་བྱེད་དགོས།
དོན་ཚན་བདུན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་བྱེད་པ། སྲིད་གཞུང་གིས་ཕྱོགས་ཡོངས་ནས་འགན་འཁུར་བ། སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་བྱེད་པ། སྤྱི་ཚོགས་ཕྱོགས་ཁག་གིས་མཉམ་དུ་ཐེ་ཞུགས་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་ལག་བསྟར་བྱས་ནས་ཚན་རིག་དང་མཐུན་པའི་འཆར་འགོད་དང་། གཅིག་གྱུར་ལག་བསྟར། དཔེ་བཟང་སྣེ་ཁྲིད། ཕྱོགས་ཡོངས་ནས་སྐུལ་སྤེལ་བཅས་བྱེད་དགོས།
ལེའུ་གཉིས་པ། ལས་ཀའི་འགན་འཁྲི།
དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང(ཆུས)བཅས་ཀྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་ཐོག དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ཏེ། གཅིག་གྱུར་འཆར་འགོད་དང་ལག་བསྟར་བྱེད་དགོས།
དོན་ཚན་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་འཆར་འགོད་བཟོས་ནས་དམིགས་འབེན་ལས་འགན་དང་། དམིགས་ཚད་མ་ལག ལས་ཀའི་བྱེད་ཐབས། འགན་སྲུང་བྱ་ཐབས། དེ་བཞིན་དཔྱད་ཞིབ་དཔྱད་བསྡུར་དང་གཟེངས་བསྟོད་བྱ་དགའ་སོགས་ཀྱི་ནང་དོན་ཁ་གསལ་བཟོ་དགོས།
ས་གནས(གྲོང་ཁྱེར)དང་རྫོང(ཆུས)མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་འཆར་འགོད་ལ་གཞིགས་ནས་ཞིབ་ཕྲའི་ལག་བསྟར་ཇུས་གཞི་བཟོ་དགོས།
ཤང(མི་རིགས་ཤང་དང་གྲོང་རྡལ)མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་བཅུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གང་མགྱོགས་བཏང་སྟེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བྱེད་རྒྱུ་བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དང་། མཐའ་དར་དམངས་ཕྱུག་གི་ལས་འགུལ་སྤེལ་རྒྱུ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སོགས་ཀྱི་འཆར་འགོད་བཟོ་རྒྱུ་བཅས་ལ་སྐུལ་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་ལོ་རྒྱུས་དང་རིག་གནས་མངོན་ཐུབ་པའི་གྲགས་ཅན་གྲོང་ཁྱེར་དང་། གྲགས་ཅན་གྲོང་རྡལ། གྲགས་ཅན་གྲོང་ཚོ། གྲགས་ཅན་ཁྲོམ་གཞུང་བཅས་སྲུང་སྐྱོང་དང་འཕེལ་རྒྱས་བཏང་སྟེ། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
དོན་ཚན་བཅུ་གཅིག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་ནས་ཀྲུང་ཧྭའི་རིག་གནས་དེ་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་འཆང་ས་དང་། སེམས་ཀྱི་བརྟེན་ས། བསམ་པའི་ཁྱིམ་གཞིས་བཅས་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཞིག་ཡིན་པའི་བསམ་བློ་དེ་མང་ཚོགས་ཀྱི་སེམས་ནང་བརྟན་པོར་ཟུག་ཐུབ་པ་བྱེད་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དར་སྤེལ་གཏོང་དགོས་པ་དང་། རིག་གནས་ཀྱི་གནའ་ཤུལ་དང་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད་ལུགས་མཐུན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། གླིང་སྒྲུང་དང་། ལྷ་མོའི་འཁྲབ་གཞུང་། བོད་ལུགས་གསོ་རིག ཐང་ག་སོགས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་པ་དང་། རྒྱུན་འཛིན་བྱེད་པ། འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། མི་རིགས་ཁག་དབར་ཕན་ཚུན་སྤེལ་རེས་བྱེད་པའི་རིག་གནས་ཀྱི་འབྲེལ་ཟམ་བཙུགས་ཏེ། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཤེས་ལྡན་པ་སྤེལ་རེས་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས་པ་དང་མི་རིགས་ཁག་གིས་རིག་གནས་ཐད་ཕན་ཚུན་མྱོང་རོལ་དང་ཕན་ཚུན་དཔྱད་གཞི་འཛིན་རྒྱུར་སྐུལ་འདེད་གཏོང་དགོས།
དོན་ཚན་བཅུ་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྐད་གཉིས་སློབ་གསོའི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་དང་མི་རིགས་ཁག་དབར་ཕན་ཚུན་སྐད་ཡིག་སློབ་སྦྱོང་བྱེད་རྒྱུར་སྐུལ་མ་གཏོང་དགོས།
དོན་ཚན་བཅུ་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་རིགས་ཀྱི་ཚོང་དོན་དང་མི་རིགས་ཀྱི་ལག་ཤེས་བཟོ་ལས་འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་བྱས་ཏེ་མི་རིགས་ཀྱི་སྤུས་རྟགས་གཏོད་དགོས་པ་དང་མི་རིགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་སྤེལ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས།
དོན་ཚན་བཅུ་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་རིགས་ཀྱི་ལུས་རྩལ་རྟེན་གཞི་དང་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་སྔོག་འདོན་དང་། རྒྱུན་འཛིན། ཁྱབ་གདལ་བཅས་གཏོང་བ་དང་། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྤེལ་ནས་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
དོན་ཚན་བཅོ་ལྔ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དམག་དཔུང་དང་ས་གནས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཛུགས་གཏོད་བྱེད་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། བཅའ་སྡོད་ཁུལ་གྱི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་དང་མཉམ་འབྲེལ་ཐོག་རྒྱལ་སྲུང་སློབ་གསོ་དང་། དམག་བཀུར་ཁྱིམ་སྐྱོང་། སྲིད་བཀུར་དམངས་གཅེས་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུ་དང་སྦྲགས། དམག་དམངས་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ནས་དམག་སྲིད་དང་དམག་དམངས་དབར་གྱི་འགྱུར་མེད་ཀྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
དོན་ཚན་བཅུ་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་མི་རིགས་ལས་དོན་སྡེ་ཚན་གྱིས་ས་ཁོངས་དེ་གའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་ཕྱོགས་བསྡུས་མཐུན་སྦྱོར་དང་། ཞབས་ཞུ་མཛུབ་ཁྲིད། སྐུལ་འདེད་ཞིབ་བཤེར་སོགས་བྱེད་རྒྱུའི་ཞིབ་ཕྲའི་ལས་ཀའི་འགན་འཁུར་དགོས།
རྒྱལ་ཁབ་ལས་ཁུངས་དང་། གཞུང་ཁོངས་ཁེ་ལས། བྱ་གཞག་ཚན་པ་གཞན་དག་སོགས་ཀྱིས་ངེས་པར་དུ་ཚན་པ་དེ་ག་དང་ཁོངས་གཏོགས་དེ་གའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཛུགས་གཏོད་བྱེད་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས།
ལེའུ་གསུམ་པ། སྤྱི་ཚོཌ་ཀྱི་མཉམ་ལས།
དོན་ཚན་བཅུ་བདུན་པ། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། རིག་རྩལ་ལྷན་ཚོགས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། སྤྱི་ཚོགས་ཚན་རིག་ལྷན་ཚོགས། ཚན་རིག་མཐུན་ཚོགས། ནང་བསྟན་མཐུན་ཚོགས། དབང་སྐྱོན་ལྷན་ཚོགས། རྒྱ་གྲམ་དམར་པོའི་ཚོགས་པ་སོགས་སྤྱི་ཚོགས་ཚོགས་པ་ཁག་གིས་ངེས་པར་དུ་རང་སོ་སོའི་ཁྱད་ཆོས་དང་དགེ་མཚན་དང་ཟུང་འབྲེལ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཛུགས་གཏོད་བྱེད་རྒྱུའི་ལས་དོན་སྤེལ་དགོས།
དོན་ཚན་བཅོ་བརྒྱད་པ། མཐོ་རིམ་སློབ་གླིང་དང་། ཚན་ཞིབ་ཁང་། རིག་གཞུང་ཚོགས་པ་སོགས་སློབ་གསོ་དང་ཚན་ཞིབ་ལས་ཁུངས་ཀྱིས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིགས་པའི་གཞུང་ལུགས་དང་། ལམ་ལུགས། ལག་ལེན་བཅས་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་ལ་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་འདེགས་སྐྱོར་དང་ལག་ལེན་དངོས་ཀྱི་ཐོག་ནས་མཛུབ་ཁྲིད་བྱེད་དགོས།
དོན་ཚན་བཅུ་དགུ་པ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་གནས་བཅས་ཀྱིས་ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་ཁག་སྒྲིག་སྲོལ་ལམ་ལུགས་ནང་བཅུག་ཐོག མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་འཕེལ་རྒྱས། དུས་རབས་ཡར་ཐོན་བཅས་ལ་ཕན་ཐོགས་ཡོད་པའི་བླང་བྱར་དམིགས་ནས་བསྟན་དོན་འདུལ་ཁྲིམས་དང་ཆོས་ལུགས་ཀྱི་རིག་གནས་སྔོག་འདོན་དང་འཆད་འགྲེལ་གཏིང་ཟབ་བྱས་ཏེ། ཆོས་ལུགས་མི་འདྲ་བའི་དབར་དང་། ཆོས་ལུགས་ནང་ཁུལ། དེ་བཞིན་དད་ལྡན་མང་ཚོགས་དང་ཆོས་ལ་དད་པ་མེད་པའི་མང་ཚོགས་དབར་ཕན་ཚུན་བརྩི་འཇོག་དང་། ཞི་མཐུན་མཉམ་གནས། མཐུན་སྒྲིལ་མཛའ་མཐུན་བཅས་ཡོང་བར་ཁྲིད་སྟོན་བྱེད་དགོས།
དོན་ཚན་ཉི་ཤུ་པ། རིགས་ཁག་གི་ཁེ་ལས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཛུགས་གཏོད་བྱེད་རྒྱུ་ཁེ་ལས་ཀྱི་དོ་དམ་དང་རིག་གནས་འཛུགས་སྤེལ་ཁྲོད་མཉམ་འདྲེས་ཐུབ་པ་བྱེད་རྒྱུར་སྐུལ་མ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁེ་ལས་དང་དཔེ་བཟང་ཚོགས་ཆུང་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་མི་རིགས་ཁག་གི་མང་ཚོགས་རྣམས་ལས་ཀར་འཇུག་པའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དྲང་གཞག་ངང་ལས་ཞུགས་དང་ཐུན་མོང་ཐོག་བྱ་གཞག་གཏོད་རྒྱུར་སྐུལ་འདེད་གཏོང་དགོས།
དོན་ཚན་ཉེར་གཅིག་པ། གནམ་ཐང་དང་། འཁོར་རིགས་བབས་ཚུགས། སྨན་ཁང་། དངུལ་ཁང་། ཚོང་ཁང་། མགྲོན་ཁང་། ཟ་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ། དམངས་ཕན་ཞབས་ཞུ་ས་ཚིགས་སོགས་སྤྱི་པའི་འདུ་གནས་ཀྱིས་ངེས་པར་དུ་མི་རིགས་ཁག་གི་མང་ཚོགས་ལ་འདྲ་མཉམ་ཞབས་ཞུ་བསྒྲུབས་ནས་མཐུན་སྒྲིལ་དང་། རོགས་རེས། ཞི་མཐུན་བཅས་ཀྱི་རྣམ་པ་གཏོད་དགོས། ལས་རིགས་ཀྱི་བསྲུང་བྱ་དང་སྒྲིག་སྲོལ་ལམ་ལུགས་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འབྲེལ་ཡོད་ནང་དོན་འཇུག་རྒྱུའི་སྐུལ་མ་གཏོང་དགོས།
དོན་ཚན་ཉེར་གཉིས་པ། སྤྱི་པའི་འདུ་གནས་དང་། སྤྱི་སྤྱོད་སྒྲིག་བཀོད། དེ་བཞིན་སྤྱི་པའི་ཞབས་ཞུའི་ལས་རིགས་བཅས་ཀྱི་སྒོ་བྱང་དང་། བརྡ་ཁྱབ། གསལ་བསྒྲགས། མཚོན་རྟགས་ཡིག་བྱང་སོགས་ལ་ངེས་པར་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་ས་ཁུལ་དེ་གའི་གྲངས་ཉུང་མི་རིགས་ཀྱི་སྤྱི་སྤྱོད་སྐད་ཡིག་མཉམ་དུ་བེད་སྤྱོད་གཏོང་དགོས་པ་དང་སྤྱི་པའི་ཞབས་ཞུའི་ལས་རིགས་ཀྱིས་ངེས་པར་དུ་སྐད་གཉིས་ཞབས་ཞུའི་སྐར་ཁུང་འཛུགས་དགོས།
དོན་ཚན་ཉེར་གསུམ་པ། གྲོང(ཡུལ)མི་ཨུ་ཡོན་ལྷན་ཁང་དང་སྡེ་ཁུལ་གྱིས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཛུགས་གཏོད་བྱེད་པའི་ལས་དོན་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་དེ་གྲོང་མིའི་སྤྱི་ཆིངས་དང་གྲོང་སྲོལ་དམངས་ཆིངས་ནང་བཅུག་ནས་ཕན་ཚུན་བརྩི་འཇོག་དང་། ཞི་མཐུན་མཉམ་གནས། མཐུན་སྒྲིལ་རོགས་རེས་བཅས་བྱེད་པའི་ཁྱིམ་མཚེས་ལྟ་བུའི་འབྲེལ་བ་ཆགས་པ་བྱེད་དགོས།
དོན་ཚན་ཉེར་བཞི་པ། ཁྱིམ་ཚང་གི་ཁོངས་མིའི་དབར་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློའི་ཐོག་ནས་ཕན་ཚུན་སློབ་གསོ་དང་། ཕན་ཚུན་ཤུགས་རྐྱེན། ཕན་ཚུན་སྐུལ་སྤེལ་བཅས་གཏོང་དགོས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཛུགས་གཏོད་བྱེད་པའི་ནང་ཁྱིམ་ཚང་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།
ལེའུ་བཞི་པ། དྲིལ་བསྒྲགས་སློབ་གསོ།
དོན་ཚན་ཉེར་ལྔ་པ། ལོ་ལྟར་གྱི་ཟླ་9པ་ནི་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ་ཡིན།
དོན་ཚན་ཉེར་དྲུག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བར་ངེས་པར་དུ་གཙོ་བོ་གཤམ་གསལ་ནང་དོན་ཁག་ལ་དམིགས་དགོས་པ་སྟེ།
(གཅིག)ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྣམ་བཤད་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས་པ་དང་།
(གཉིས)ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་སློབ་གསོ་སྤེལ་ཏེ། ཀྲུང་གོའི་ལོ་རྒྱུས་དང་ལྷག་པར་དུ་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་། ཀྲུང་ཧྭ་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་གོའི་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས། ཀྲུང་གོའི་གསར་བརྗེའི་ལོ་རྒྱུས། དེ་བཞིན་ཀྲུང་དབྱང་སྲིད་གཞུང་དང་བོད་ས་གནས་དབར་གྱི་འབྲེལ་བའི་ལོ་རྒྱུས། བོད་ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་ལོ་རྒྱུས་རྣམས་ནང་དོན་གཙོ་བོར་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་རྣམ་པ་ངོས་འཛིན་གཏིང་ཟབ་བྱེད་རྒྱུའི་ཁྲིད་སྟོན་བྱས་ནས་ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་དགོས་པ།
(གསུམ)སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་སྤེལ་ཏེ། རྒྱལ་གཅེས་རིང་ལུགས་ཀྱིས་ལྟེ་བར་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་ཀྱིས་ལྟེ་བར་བྱས་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གི་དཔེ་མཚོན་དང་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱེད་དགོས་པ།
(བཞི)ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ། ཀྲུང་གོའི་ཕུགས་འདུན་ནི་མི་རིགས་ཁག་མཐུན་སྒྲིལ་ཡར་ཐོན་ཡོང་བའི་ཕུགས་འདུན་དང་དར་རྒྱས་གོང་འཕེལ་འགྲོ་བའི་ཕུགས་འདུན་ཡིན་པར་མི་རིགས་ཁག་གི་མང་ཚོགས་རྣམས་ཀྱིས་ངོས་འཛིན་ཐུབ་རྒྱུར་ཁྲིད་སྟོན་བྱས་ནས། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་པ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།
(ལྔ)རྩ་ཁྲིམས་དང་། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། མི་རིགས་སྲིད་ཇུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ། སྤྱི་ཚོགས་ཡོངས་སུ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་པ།
(དྲུག)མི་རིགས་མཐུན་སྒྲིལ་ཡར་ཐོན་དང་འབྲེལ་བ་ཡོད་པའི་དེ་མིན་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས་པ་བཅས་སོ།
དོན་ཚན་ཉེར་བདུན་པ། རིག་གནས་དང་། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་བརྙན་འཕྲིན། གློག་བརྙན། དྲ་འཕྲིན་སོགས་སྡེ་ཚན་གྱིས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྙིང་སྟོབས་དར་སྤེལ་གཏོང་བའི་ཕུལ་བྱུང་རྩོམ་རིག་དང་། སྒྱུ་རྩལ་བརྩམས་ཆོས། རླུང་འཕྲིན་བརྙན་འཕྲིན་ལེ་ཚན། དེ་བཞིན་དཔེ་སྐྲུན་དངོས་རིགས་བཅས་གསར་རྩོམ་བཟོ་འདོན་དང་དྲིལ་བསྒྲགས་ཁྱབ་གདལ་གཏོང་རྒྱུར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་དགོས།
རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་། ཚགས་པར་དུས་དེབ་དཔེ་སྐྲུན་ཚན་པ། དྲ་སྦྲེལ་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་བཅས་ཀྱིས་ངེས་པར་དུ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ། དེ་མིན་གྱི་གལ་ཆེའི་དུས་སྟོན་དང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་སོགས་དང་ཟུང་འབྲེལ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྙིང་སྟོབས་དང་དཔེ་བཟང་གི་བྱས་རྗེས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱེད་དགོས།
དོན་ཚན་ཉེར་བརྒྱད་པ། སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་དེ་སློབ་ཞུགས་གོང་གི་སློབ་གསོ་དང་། འགན་བབས་སློབ་གསོ། འབྲིང་རིམ་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་འཇུག་རྒྱུ་དང་སློབ་གསོ་དང་སློབ་ཁྲིད་ཀྱི་འཆར་གཞིའི་ནང་འཇུག་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཁག་བསླབ་གཞིར་འགོད་པ་དང་། སློབ་ཁང་དུ་འཆད་ཁྲིད་བྱེད་པ། སེམས་ལ་ཟུག་པ་བཅས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། སློབ་གྲྭས་ངེས་པར་དུ་དགེ་རྒན་དཔུང་ཁག་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་སློབ་མ་སྒྲིག་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཆེད་དོན་སློབ་གསོ་དང་ལག་ལེན་བྱེད་སྒོ་སྤེལ་དགོས།
རིམ་ཁག་ཏང་སློབ(སྲིད་འཛིན་སློབ་གླིང)དང་སྤྱི་ཚོགས་རིང་ལུགས་སློབ་གླིང་སོགས་ལས་བྱེད་པའི་སློབ་གསོའི་ལས་ཁུངས་ཀྱིས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་དེ་རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་ཐོག་མའི་ལས་སྒྲུབ་སྦྱོང་བརྡར་དང་ལས་གནས་སྦྱོང་བརྡར་སྤྲོས་སྐབས་སྦྱོང་དགོས་ངེས་ཀྱི་ནང་དོན་ཞིག་ལ་བརྩི་དགོས།
རིགས་འདྲ་མིན་གྱི་སློབ་གསོའི་སྦྱོང་བརྡར་ལས་ཁུངས་དང་། སློབ་གསོའི་རྟེན་གཞི། དཔེ་མཛོད་ཁང་། རྟེན་རྫས་བཤམས་མཛོད་ཁང་། རིག་གནས་ཁང(ས་ཚིགས)ན་གཞོན་ཕོ་བྲང་། དྲན་གསོ་ཁང་སོགས་ཀྱིས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་དེ་དྲིལ་བསྒྲགས་སློབ་གསོ་བྱེད་ཁོངས་སུ་འཇུག་དགོས།
དོན་ཚན་ཉེར་དགུ་པ། ཡུལ་སྐོར་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་སྡེ་ཚན་དེ་ག་དང་ཡུལ་སྐོར་ལས་རིགས་ལ་སྦྱོང་བརྡར་སྤྲོས་རྒྱུའི་ཁོངས་སུ་བཅུག་སྟེ་ཡང་དག་པའི་ཁྲིད་ཕྱོགས་ཀྱི་ཐོག་ནས། ཡུལ་སྐོར་ཁྲོམ་ར་དང་མཛེས་ལྗོངས་གྲགས་ཅན་གྱི་ཡིག་རིགས་གསལ་བཤད་དང་། དེ་བཞིན་ཡུལ་སྐོར་སྣེ་ཤན་པའི་འགྲེལ་བཤད་ཚད་ལྡན་བཟོས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཛུཌ་གཏོད་ལས་དོན་ཁྲོད་ཡུལ་སྐོར་ལས་རིཌ་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།
ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ངེས་པར་དུ་བརྙན་པར་བརྙན་ཟློས་དང་། དྲིལ་བསྒྲགས་སྒྲོམ་བྱང་། དྲིལ་བསྒྲགས་ལག་དེབ། བརྡ་ཁྱབ་མཚོན་རྟགས་སོགས་བྱ་ཐབས་སྣ་ཚོགས་སྤྱད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་དེ་གནས་ལྗོངས་དྲིལ་བསྒྲགས་ནང་བཅུག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་སྒྲོག་སྤེལ་བྱེད་དགོས།
དོན་ཚན་སུམ་ཅུ་པ། ཆོས་ལུགས་ལས་དོན་སྡེ་ཚན་གྱིས་ངེས་པར་དུ་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་གནས་བཅས་ཀྱིས་ཆོས་ལུགས་ལས་རིགས་མི་སྣར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློ་དང་། བཅའ་ཁྲིམས་ཁྲིམས་སྲོལ། མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་སོགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བར་མཛུབ་ཁྲིད་བྱས་ནས་རང་རྟོགས་ངང་རྒྱལ་ཁོངས་ཕྱི་རོལ་གྱི་ཆོས་ལུགས་ཕྱོགས་གཏོགས་ཀྱིས་སིམ་འཛུལ་དང་གཏོར་བཤིག་གཏོང་བར་བཀག་འགོག་བྱེད་དགོས།
ལེའུ་ལྔ་པ། འཛུགས་གཏོད་དང་གཟེངས་བསྟོད།
དོན་ཚན་སོ་གཅིག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་དེ་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། ཤང་གྲོང་རྡལ། གྲོང་ཚོ་གྲོང་ལྷན། སློབ་གྲྭ དམག་དཔུང་། ཆོས་ལུགས་བྱེད་སྒོ་སྤེལ་གནས་སོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་དཔེ་བཟང་གི་ས་གནས(གྲོང་ཁྱེར)དང་། དཔེ་བཟང་གི་རྫོང(ཆུས)དཔེ་བཟང་གི་ཤང་གྲོང་རྡལ(ཁྲོམ་གཞུང)དཔེ་བཟང་གི་གྲོང་ཚོ་གྲོང་ལྷན། དཔེ་བཟང་གི་སྡེ་ཁུལ། དཔེ་བཟང་གི་ཚན་པ་བཅས་འཛུཌ་གཏོད་དང་། དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་བྱེད་རྒྱུ་སྒྲིག་འཛུགས་བྱེད་དགོས།
དོན་ཚན་སོ་གཉིས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གི་ས་གནས(གྲོང་ཁྱེར)དང་། དཔེ་བཟང་གི་རྫོང(ཆུས) དཔེ་བཟང་གི་ཤང་གྲོང་རྡལ(ཁྲོམ་གཞུང)དཔེ་བཟང་གི་གྲོང་ཚོ་གྲོང་ལྷན། དཔེ་བཟང་གི་སྡེ་ཁུལ་བཅས་ལ་ངེས་པར་དུ་གཤམ་གསལ་གྱི་གཞི་རྩའི་ཆ་རྐྱེན་འཛོམས་དགོས་པ་སྟེ།
(གཅིག)དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ་སྲ་བརྟན། སྤྱི་ཚོཌ་ཞི་མཐུན་བརྟན་ལྷིང་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་།
(གཉིས)ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།
(གསུམ)མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཛུགས་གཏོད་བྱེད་པའི་ལས་ཀའི་རྩ་འཛུགས་ལས་ཁུངས་ཚགས་ཚུད་དང་རྒྱུན་རྣམ་ཅན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་ཡིན་པ།
(བཞི)འཕེལ་རྒྱས་ཀྱི་བསམ་གཞི་གསར་པ་ལག་བསྟར་དོན་འཁྱོལ་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད། དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་སྲིད་ཇུས་བྱ་ཐབས་ལག་བསྟར་ཧུར་ཐག་བྱས་ནས་ཁུལ་ཁོངས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་མགྱོགས་པོ་ཡོང་བ་དང་མི་དམངས་ཀྱི་འཚོ་བ་ཟམ་མི་ཆད་པར་ལེགས་སུ་གཏོང་བ།
(ལྔ)གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་དང་ཁྱབ་མཉམ་རང་བཞིན་ལ་སྐུལ་འདེད་གཏོང་བ།
(དྲུག)སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་གསར་གཏོད་བྱས་ཏེ། ཕན་ཚུན་གསབ་འཇུག་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་རྒྱུར་སྐུལ་འདེད་གཏོང་བ།
(བདུན)མི་རིགས་དང་ཆོས་ལུཌ་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་འདུམ་སེལ་དང་ཐག་གཅོད་ཡག་པོ་བྱས་ཏེ། མི་རིགས་ལས་དོན་ཕྱོགས་ཡོངས་ནས་ཁྲིམས་བཞིན་བཅོས་སྐྱོང་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ།
(བརྒྱད)རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་དོན་འཁྱོལ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ།
(དགུ)མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རིག་གནས་དར་སྤེལ་གཏོང་རྒྱུའི་དོན་དངོས་ལ་གཞི་ཚུགས་ཏེ། མི་རིགས་ཁག་གིས་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭ་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་ཆེ་བའི་རིག་གནས་ཀྱི་མཚོན་རྟགས་དང་ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གྱི་གཟུགས་བརྙན་གཏོད་པ་དང་མངོན་ཆེར་འཛིན་པ།
(བཅུ)མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་། མྱུར་སྐྱོབ། སྲུང་སྐྱོབ། དེ་བཞིན་རྒྱུན་འཛིན་བཅས་བྱེད་པ།
(བཅུ་གཅིག)མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཛུགས་གཏོད་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་དེ་མིན་གྱི་ལེགས་སྐྱེས་འབུལ་བ་བཅས་སོ།
དོན་ཚན་སོ་གསུམ་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པར་ངེས་པར་དུ་གཤམ་གསལ་གྱི་གཞི་རྩའི་ཆ་རྐྱེན་འཛོམས་དགོས་པ་སྟེ།
(གཅིག)དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་སྲ་བརྟན་དང་རྣམ་པ་ལེགས་སུ་གཏོང་བ་དང་།
(གཉིས)ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།
(གསུམ)མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཛུགས་གཏོད་བྱེད་པའི་ལས་ཀའི་ལམ་སྲོལ་ཚགས་ཚུད་དུ་གཏོང་བ།
(བཞི)ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་སློབ་གསོ་དང་ལག་ལེན་གྱི་བྱ་སྤྱོད་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ།
(ལྔ)མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་བཟང་པོར་བརྩི་འཇོག་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ།
(དྲུག)སྲིད་ཇུས་བཟོ་བའམ་ཡང་ན་འབྲེལ་ཡོད་ལས་དོན་སྤེལ་སྐབས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཐུན་རྐྱེན་ལ་བསམ་གཞིགས་གང་ལེགས་བྱས་ཏེ། ཚན་པ་དེ་གའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཛུགས་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་བ།
(བདུན)མི་རིགས་དང་ཆོས་ལུགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་འདུམ་སེལ་དང་ཐག་གཅོད་ཡག་པོ་བྱེད་པ།
(བརྒྱད)མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཛུགས་གཏོད་བྱེད་པའི་ལས་དོན་ཁྲོད་དེ་མིན་གྱི་ལེགས་སྐྱེས་འབུལ་བ་བཅས་སོ།
དོན་ཚན་སོ་བཞི་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱིས་ངེས་པར་དུ་མེས་རྒྱལ་ལ་དགའ་ཞེན་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བཅས་བྱས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་ནན་ཏན་བྱེད་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་མཁན་གྱི་མིག་དཔེ་བྱེད་པ། ལས་གནས་ལ་གཞི་ཚུགས་པ་དང་ལེགས་སྐྱེས་འབུལ་ཕོད་པའི་ཁར། གཤམ་གསལ་གྱི་ཆ་རྐྱེན་གྲས་ཤིག་འཛོམས་དགོས་པ་སྟེ།
(གཅིག)ཁ་ཕྲལ་ལ་ངོ་རྒོལ་བྱེད་རྒྱུ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་རྒྱུ། མཐའ་སྲུང་སྲ་བརྟན་ཡོང་རྒྱུ། དེ་བཞིན་དམག་དམངས་དབར་དང་ཉེན་རྟོག་པ་དང་མི་དམངས་དབར་གྱི་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ་བཅས་ཀྱི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་བ་དང་།
(གཉིས)མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རྒྱུར་སྐུལ་འདེད་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་བ།
(གསུམ)དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་བ།
(བཞི)མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། དེ་བཞིན་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་ཀྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུའི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་བ།
(ལྔ)མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་འཛུགས་གཏོད་ལས་དོན་སྤེལ་སྐབས། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུའི་ཐད་ལེཌ་སྐྱེས་མངོན་གསལ་དོད་པོ་འབུལ་བ།
(དྲུག)ཁ་གཏད་བོད་སྐྱོར་ལས་དོན་ཁྲོད་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུར་སྐུལ་འདེད་བཏང་སྟེ། མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་བསྒྲུབ་རྒྱུའི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་བ།
(བདུན)དུས་ཡུན་རིང་པོའི་ནང་མི་རིགས་ཀྱི་ལས་དོན་བསྒྲུབས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་བ།
(བརྒྱད) བདེ་འཇགས་ཐོན་སྐྱེད་དང་། གནོད་འགོག་གེགས་སེལ་དང་། རྒུད་སྐྱོབ། འཕྲལ་བསྟུན་རོགས་སྐྱོབ་སོགས་འཕྲལ་བསྟུན་དོ་དམ་གྱི་ལས་དོན་ལ་སྐུལ་སྤེལ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུའི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་བ།
(དགུ)མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཛུགས་གཏོད་ཀྱི་ལས་དོན་ཁྲོད་དམིགས་བསལ་གྱི་ལེགས་སྐྱེས་གཞན་དག་འབུལ་བ་བཅས་སོ།
དོན་ཚན་སོ་ལྔ་པ། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་གཟེངས་བསྟོད་དེ་སྤྱིར་བཏང་བྱས་ན་ལོ་གསུམ་རེར་ཐེངས་རེ་བྱེད་རྒྱུ།
ལེའུ་དྲུག་པ། རྩ་འཛུཌ་ཀྱི་འགན་སྲུང་།
དོན་ཚན་སོ་དྲུག་པ། རང་སྐྱོང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་གཅིག་གྱུར་འཆར་འགོད་ཀྱིས་འཛུགས་གཏོད་ལས་དོན་ལ་སྐུལ་སྤེལ་གཏོང་བ་དང་། ལས་ཀའི་ལམ་སྲོལ་འཛུགས་པ། འགན་བགོས་ཁ་གསལ་བཟོ་བ། སྲིད་ཇུས་ཀྱི་བྱེད་ཐབས་བཟོ་བ་བཅས་བྱས་ཏེ་གཙོ་ཆེའི་གནད་དོན་རིགས་མཐུན་སྦྱོར་ངང་ཐག་གཅོད་བྱེད་དགོས།
དོན་ཚན་སོ་བདུན་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་མི་རིགས་ལས་དོན་སྒྲུབ་ཤེས་མིན་དང་མི་རིགས་མཐུན་སྒྲིལ་བྱེད་ཤེས་མིན་དེ་འགོ་ཁྲིད་ལས་བྱེད་པར་ཞིབ་དཔྱད་བྱེད་པའི་གལ་ཆེའི་ནང་དོན་ལ་བརྩིས་ཏེ། ཏང་གི་མི་རིགས་རིག་གཞུང་སྲིད་ཇུས་དང་མི་རིགས་ལས་དོན་ཤེས་རྟོགས་ཐུབ་མཁན་དང་མི་རིགས་མཐུན་སྒྲིལ་བྱེད་མཁན་གྱི་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྤྱོད་བྱེད་རྒྱུ་མ་ཟད། ལས་བྱེད་ཤེས་ལྡན་པ་གསོ་སྐྱོང་དང་། གནས་སྦྱར་སྦྱོང་བརྡར། སྤེལ་རེས་འགན་བསྐོ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
དོན་ཚན་སོ་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་འགོ་ཁྲིད་ལས་བྱེད་པས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣ་དང་འབྲེལ་གཏུག་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ལག་བསྟར་དོན་འཁྱོལ་བྱས་ནས་མི་རིགས་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣར་མཐུན་སྒྲིལ་བྱེད་རྒྱུ་དང་། སློབ་གསོ་གཏོང་རྒྱུ། ཞབས་ཞུ་བསྒྲུབ་རྒྱུ། ཁྲིད་སྟོན་བྱེད་རྒྱུ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཛུགས་གཏོད་བྱེད་པའི་ཁྲོད་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱེད་དགོས།
དོན་ཚན་སོ་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུ་དེ་འགོ་ཁྲིད་ཚན་ཁག་གི་ལས་རྗེས་དཔྱད་ཞིབ་ཀྱི་ནང་དོན་ལ་བརྩིས་ཏེ། ལས་རྗེས་དཔྱད་ཞིབ་ཀྱི་མ་ལག་ནང་བཅུག་ནས་འགོ་ཁྲིད་འགན་འཁྲིའི་ལམ་ལུགས་དང་ལོ་འཁོར་དམིགས་ཚད་དཔྱད་ཞིབ་ལམ་ལུགས་ལག་བསྟར་བྱེད་དགོས།
གོང་རིམ་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འོག་རིམ་མི་དམངས་སྲིད་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ལས་དོན་གྱི་ལས་ཕྱོད་ཚོད་སྐོར་བྱེད་དགོས།
དོན་ཚན་བཞི་བཅུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་འགྲོ་གྲོན་དེ་རིམ་པ་དེ་གའི་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇུག་དགོས།
དཔེ་བཟང་འཛུགས་གཏོད་བྱ་ཡུལ་ལ་རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སྲིད་ཇུས་དང་། རྣམ་གྲངས། མ་དངུལ་སོགས་ཀྱི་ཐད་སྔོན་ཚུད་ནས་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་ཞེ་གཅིག་པ། མི་རིགས་ལས་དོན་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་མི་རིགས་ལས་དོན་ཐད་ཀྱི་གློ་བུར་དུ་ཐོན་པའི་གལ་ཆེའི་དོན་རྐྱེན་གྱི་ཉེན་ཟོན་སྔོན་བརྡ་དང་། འཕྲལ་བསྟུན་ཐག་གཅོད་བྱེད་པའི་ལམ་སྲོལ་དང་སྔོན་ཇུས་འཐུས་སྒོ་ཚང་པོ་བཟོ་བ་དང་ཚགས་ཚུད་དུ་བཏང་སྟེ། མི་རིགས་མཐུན་སྒྲིལ་ལ་ཤུཌ་རྐྱེན་ཐེབས་པའི་འགལ་ཟླ་དང་རྩོད་རྙོག་རིཌ་སྔོན་འགོག་དང་འདུམ་འགྲིག་བྱེད་དགོས།
རིམ་ཁག་སྲིད་འཛིན་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ངེས་པར་དུ་སྤྱི་པའི་བཅའ་ཁྲིམས་ཀྱི་ཞབས་ཞུའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མི་དམངས་འདུམ་འགྲིག་དང་། སྲིད་འཛིན་འདུམ་འགྲིག ཁྲིམས་འཛིན་འདུམ་འགྲིག་བཅས་ཀྱི་མཉམ་འགུལ་ལས་ཀའི་མ་ལག་དང་ཁྲིམས་འཛིན་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་ཁག་གི་མི་དམངས་ཀྱིས་ཁྲིམས་མཐུན་ངང་ཁེ་ཕན་རེ་འདོད་ཞུ་བའི་ཐབས་ལམ་ཤར་གཏོང་ཐུབ་པ་བྱེད་དགོས།
དོན་ཚན་ཞེ་གཉིས་པ། རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱེད་རྒྱུ་མ་ཟད། རིམ་མཚུངས་མི་དམངས་སྲིད་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ལས་དོན་སྙན་ཞུ་ཉན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།
དོན་ཚན་ཞེ་གསུམ་པ། རྩ་འཛུགས་གང་ཞིག་དང་མི་སུ་ཞིག་ཡིན་རུང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ལས་དོན་ཐད་རྒྱལ་ཁབ་ལས་ཁུངས་ལ་བསམ་འཆར་དང་གྲོས་འགོ་འདོན་པའི་དབང་ཆ་ཡོད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་པའི་ལས་དོན་ཁྲོད་རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱར་ཁྲིམས་འགལ་དང་འགན་ནུས་ཤོར་བའི་བྱེད་སྤྱོད་ཡོད་རིགས་ཞུ་འབུལ་དང་། ཞུ་སྦྱོར། ཐེར་འདོན་བཅས་བྱེད་པའི་དབང་ཆ་ཡོད་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་འགོག་རྐྱེན་བཟོ་བ་དང་གཏོར་བཤིག་གཏོང་བའི་ཁྲིམས་འགལ་གྱི་བྱེད་སྤྱོད་རིགས་བཀག་སྡོམ་དང་ཐེར་འདོན་བྱེད་པའི་དབང་ཆའང་ཡོད།
ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་ཞེ་བཞི་པ། རྒྱལ་ཁབ་ཀྱི་ལས་དོན་མི་སྣས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ཁྲོད་འགན་དབང་གང་བྱུང་དུ་སྤྱོད་པ་དང་། འགན་འཁྲི་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ཀྱི་རིགས་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།
དོན་ཚན་ཞེ་ལྔ་པ། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ལ་གཤམ་གསལ་གྱི་བྱེད་སྤྱོད་གྲས་ཤིག་ཡོད་ཚེ། དེའི་གོང་རིམ་གཙོ་འགན་སྡེ་ཚན་ནམ་ཡང་ན་ལྟ་ཞིབ་ལས་ཁུངས་ཀྱིས་དུས་བཅད་ནང་ལེགས་བཅོས་བྱེད་དུ་འཇུག་རྒྱུ་དང་། དུས་ཚད་ཡོལ་ཡང་ལེགས་བཅོས་མ་བྱས་ཚེ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་རྒྱུ་དང་ཆབས་ཅིག་འགན་འཁུར་བ་གཙོ་བོ་དང་། ཐད་ཀའི་འགན་འཁུར་བ། འབྲེལ་ཡོད་མི་སྣ་བཅས་ཀྱི་བབ་མཚུངས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་སྟེ།
(གཅིག)མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ལས་དོན་གཏན་འབེབས་བཞིན་མ་སྤེལ་བའི་རྐྱེན་གྱིས་ཤུགས་རྐྱེན་ངན་པ་བཟོས་པའི་རིགས་དང་།
(གཉིས)མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་འགལ་ཟླ་དང་རྩོད་རྙོག་དུས་ཐོག་ཏུ་ཐག་གཅོད་དང་འདུམ་སེལ་མ་བྱས་པའི་རྐྱེན་གྱིས་མཇུག་འབྲས་ཚབས་ཆེན་བཟོས་པའི་རིགས།
(གསུམ)སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་ལག་བསྟར་མ་བྱས་པའི་རིགས་བཅས་སོ།
དོན་ཚན་ཞེ་དྲུག་པ། རྩ་འཛུགས་གང་ཞིག་དང་མི་སུ་ཞིག་ལ་གཤམ་གསལ་གྱི་བྱེད་སྤྱོད་གྲས་ཤིག་ཡོད་ཚེ། དེ་གནས་སའི་ཚན་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་སྐྱོན་བརྗོད་དང་། སློབ་གསོ་གཏོང་བ། ལེགས་བཅོས་བཅས་བྱེད་དུ་འཇུག་རྒྱུ་དང་། བདེ་འཇགས་དོ་དམ་དང་འགལ་བའི་བྱེད་སྤྱོད་ཡོད་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་སྟེ།
(གཅིག)མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གནོད་པའི་གཏམ་གླེང་སྤེལ་རིགས་དང་།
(གཉིས)མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གནོད་པའི་ཆ་འཕྲིན་བཟོ་སྤེལ་བྱེད་རིགས།
(གསུམ)མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་། མི་རིགས་ཁ་ཕྲལ་གཏོང་བའི་ངན་སྐུལ་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་གནོད་སྐྱོན་བཟོ་བ་བཅས་ཀྱི་བྱེད་སྤྱོད་རིགས།
(བཞི)ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ལངས་ཕྱོགས་བརྟན་པོ་མེད་པ་དང་རྣམ་འགྱུར་གསལ་པོ་མེད་ཅིང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ཡོད་པ་བཅས་སོ།
དོན་ཚན་ཞེ་བདུན་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་ཉེས་ཆད་གཅོད་རྒྱུའི་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་ལག་བསྟར་བྱེད་རྒྱུ།
ལེའུ་བརྒྱད་པ། ཞར་བྱུང་།
དོན་ཚན་ཞེ་བརྒྱད་པ། སྲོལ་ཡིག་འདི་2020ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་བཅས་སོ།
(ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 尼玛次仁
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣