དབུ་ཤོག>གསར་འགྱུར།
  • ​ བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱའི་འགྲན་བསྡུར་དངོས་སུ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-20

    662869_yis_1568869488740.jpg

    འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“ཐུན་མོང་གཉིས”ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཐུན་མོང་ཐོག་ཀྲུང་གོའི་ཕུགས་འདུན་གཏོད”ཅེས་པའི་སྤྱིའི་དམིགས་ཚད་དང་། དེ་བཞིན《〈ལྗོངས་ཡོངས་སུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་ལས་དོན་ཇུས་གཞི〉འགྲེམས་སྤེལ་བྱ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ ལྗོངས་སློབ་གསོ་ཐིང་། ལྗོངས་མི་རིགས་ལས་དོན་ཨུ་ལྷན་བཅས་ཀྱི་བརྡ་ཐོའི》དགོངས་དོན་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་ལོ་འཁོར་གྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི“མི་རིགས་མཐུན་སྒྲིལ་ཟླ་བ”ཐེངས་29པ་དང་ཟུང་འབྲེལ་གྱིས་ཟླ་9ཚེས་16ཉིན་ནས་བཟུང་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་སྨྱན་སྦྱོར་ཚོགས་པས་གཉེར་འགན་འཁུར་བའི“མི་རིགས་མཐུན་སྒྲིལ་གྱི‘སེ་འབྲུ’བྱེད་པར་བརྩོན”ཞེས་པ་བརྗོད་དོན་གཙོ་བོའི་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱའི་འགྲན་བསྡུར་དངོས་སུ་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱའི་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པའི་སྤྲོ་སེམས་དང་ཡིད་ཆེས་ཆེ་རུ་གཏོང་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དད་སེམས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱ་ཆེད་ཡིན་པ་དང་ཆབས་ཅིག མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ཞིག་གཏོད་པའི་བྱེད་སྒོའི་ནང་དོན་གལ་ཆེན་དང་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པའི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཚོའི་མི་རིགས་སྲིད་ཇུས་དང་མི་རིགས་ཤེས་བྱའི་དྲིལ་བསྒྲགས་ཁྱབ་གདལ་གཏོང་ཚད་དང་ཤེས་རྟོགས་ཐུབ་ཚད་ཆེ་རུ་གཏོང་ཆེད་རེད།

    ད་ཐེངས་ཀྱི་ཤེས་བྱའི་འགྲན་བསྡུར་གྱི་བྱེད་སྒོ་དེ་སྐད་འཕྲིན་ཐོག་ནས་ལན་འདེབས་པའི་བྱེད་ཐབས་སྤྱོད་པ་དང་ཆབས་ཅིག བོད་ལྗོངས་ཉིན་རེའི་ཚགས་པར་དང་། བོད་ལྗོངས་ཚོང་འཕྲིན། བོད་ལྗོངས་དྲ་བ་མྱུར་བཤེར། བོད་ལྗོངས་ཚོང་འཕྲིན་གྱི་གཞུང་ཕྱོགས་སྐད་འཕྲིན་སོགས་ཀྱི་སྨྱན་སྦྱོར་ལས་སྟེགས་ཐོག་ཤེས་བྱའི་འགྲན་བསྡུར་གྱི་འཕེལ་རིམ་གསར་ཤོས་དང་ཞུགས་པའི་གནས་ཚུལ་སོགས་ཀྱི་ནང་དོན་འགོད་རྒྱུ་ཡིན།

    བྱེད་སྒོར་ཞུགས་སྟངས།

    བྱེད་སྒོར་ཞུགས་མཁན་ཚོས་རྩ་གཉིས་ཨང་རྟགས་འདི་བཤེར་བ་བརྒྱུད“བོད་ལྗོངས་མི་རིགས་ལས་དོན་ཨུ་ལྷན”གྱི་སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་བྱས་རྗེས་ཤེས་བྱའི་འགྲན་བསྡུར་གྱི་ལན་འདེབས་དྲ་ཚུགས་ལ་ཞུགས་ཐུབ་པ་དང་། དྲ་ཚུགས་ནང་འཛུལ་ཏེ་མི་སྒེར་གྱི་ཆ་འཕྲིན་ཡང་དག་ངང་བསྐོངས་རྗེས་དྲིས་ལན་འདེབས་ཆོག་གི་ཡོད། “བོད་ལྗོངས་མི་རིགས་ལས་དོན་ཨུ་ལྷན”གྱི་སྤྱི་རྟགས་ལ་དོ་ཁུར་བྱེད་མཁན་ཡིན་ཚེ་རང་སྒྲུབ་འདེམས་བྱང་ཕུད་འགག་རྩའི་ཚིག“ཤེས་བྱའི་འགྲན་བསྡུར”བླུགས་ཚེ་ཐད་ཀར་ལན་འདེབས་དྲ་ངོས་ལ་ཞུགས་ཆོག

    དྲིས་ལན་འདེབས་སྟངས།

    ཐེངས་འདིའི་ཤེས་བྱའི་འགྲན་བསྡུར་གྱི་བྱེད་སྒོའི་དུས་ཚོད་ནི་ཟླ་9ཚེས་16ཉིན་ནས་ཟླ་11ཚེས་16ཉིན་བར་ཁྱོན་དུས་ཐེངས་9ཡོད་པ་དང་གཟའ་འཁོར་རེར་ཐེངས་རེ་ཡོད། ཡིག་རྒྱུགས་ནང་གཅིག་མོས་གདམ་ག་དང་། སྣ་མང་གདམ་ག འགྲིག་ནོར་བརྡར་གཅོད་བཅས་རྣམ་པ་གསུམ་ལས་གྲུབ་ཡོད། དེའི་ནང་འདྲི་གཞིའི་མཛོད་སྦྱོང་བརྡར་དང་དངོས་སུ་ལན་འདེབས་ཀྱི་རྣམ་པ་གཉིས་ལ་དབྱེ་བའི་ནང་འདྲི་གཞིའི་མཛོད་སྦྱོང་བརྡར་ལ་སྐར་གྲངས་གསོག་གི་མེད་པ་དང་། དངོས་སུ་དྲིས་ལན་འདེབས་པའི་སྐར་གྲངས་དེ་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལ་བརྩི་ཡི་ཡོད། དྲིས་ལན་འདེབས་མཁན་ཚང་མར་དྲིས་ལན་འདེབས་པའི་གོ་སྐབས་གསུམ་རེ་ཡོད་ལ་སྐར་གྲངས་མཐོ་ཤོས་དེ་རང་ཉིད་ཀྱི་གྲུབ་འབྲས་ལ་བརྩི་ཡི་ཡོད། མཐའ་བསྡུར་ཁྲོད་ཡིག་རྒྱུགས་གཏོང་ཐེངས་རེའི་གྲུབ་འབྲས་ལ་གཞིགས་ཏེ་སྐར་གྲངས་མཐོ་ཤོས་ནས་དམའ་ཤོས་བར་ཨང་རིམ་སྒྲིག་གི་ཡོད་ལ། གལ་ཏེ་སྐར་གྲངས་གཅིག་མཚུངས་ཡིན་ཚེ་དྲིས་ལན་འདེབས་པའི་དུས་ཚོད་ལ་གཞིགས་ནས་ཨང་རིམ་སྒྲིག་གི་ཡོད། དུས་ཚོད་ཇི་ཙམ་ཉུང་བ་སྤྱད་ཚེ་ཨང་རིམ་དེ་ཙམ་གྱིས་མདུན་གྲལ་དུ་ཡོད། བྱེད་སྒོར་ཞུགས་མཁན་ཚོས་སྐར་གྲངས་དང་། ལན་འདེབས་གནས་ཚུལ། ཨང་རིམ་བཅས་རང་རྟོགས་ངང་འཚོལ་ཆོག་གི་ཡོད།

    བྱེད་སྒོའི་བྱ་དགའ།

    ཐེངས་འདིའི་ཤེས་བྱའི་འགྲན་བསྡུར་གྱི་བྱ་དགའ་ནི་ཨང་རིམ་ལ་གཞིགས་ཏེ་ཁ་པར་ནང་དངུལ་བླུགས་པའི་ཐབས་ལ་བརྟེན་ནས་བྱ་དགའ་སྤྲོད་རྒྱུ་དང་། ཨང་རིམ་ཨང་དང་པོ་ནས་བདུན་ཅུ་དོན་དྲུག་བར་གྱི་ཡིག་རྒྱུགས་ལོན་མཁན་ཚོར་མཐོ་ཤོས་ལ་སྒོར་100ཡི་ཁ་པར་དངུལ(སྒུལ་བདེ་དང་། གློག་འཕྲིན། ལན་ཐུང་བཅས་ཀྱི་འཛད་སྤྱོད་པ)བླུགས་རྒྱུ་རེད། གཟའ་འཁོར་རེའི་རེ་གཟའ་སྤེན་པའི་ཉིན་གུང་གི་ཆུ་ཚོད་12ལ་གཟའ་འཁོར་དེའི་ཡིག་རྒྱུགས་མཚམས་འཇོག་བྱ་རྒྱུ་དང་། རེ་གཟའ་ཉི་མར་རྒྱུགས་ལེན་དྲ་ངོས་ཀྱི“བརྡ་ཐོའི་སྤྱི་བསྒྲགས”ནང་གཟའ་འཁོར་དེའི་བྱ་དགའ་ཐོབ་པའི་མིང་ཐོ་ཡོངས་བསྒྲགས་བྱ་རྒྱུ་ཡིན།

    དོ་སྣང་བྱེད་དགོས་པ་ཞིག་ལ། བྱེད་སྒོར་ཞུགས་མཁན་ཚོས་ངེས་པར་དུ་རང་ཉིད་ཀྱི་མིང་དངོས་དང་ཁ་པར་ཨང་གྲངས་ཁ་གསལ་འགོད་དགོས། གལ་ཏེ་ཆ་འཕྲིན་དྲང་པོ་མིན་པའི་རྐྱེན་གྱིས་ཁ་པར་ནང་དངུལ་བླུགས་མི་ཐུབ་པའི་གནས་ཚུལ་ཐོན་ཚེ་མཇུག་འབྲས་སོ་སོས་འགན་འཁུར་དགོས། དེ་དང་ཆབས་ཅིག “ཨང་གྲངས་གཅིག་གིས་ལན་ཐེངས་མང་འདེབས་པ”དང“མི་གཅིག་གིས་ཨང་གྲངས་མང་པོ་སྤྱད་དེ་ལན་འདེབས་པའི”གནས་ཚུལ་ཤེས་རྟོགས་ཐུབ་ཚེ་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལ་བྱ་དགའ་སྤྲོད་རྒྱུ་མིན་ལ། བྱེད་སྒོར་ཞུགས་མཁན་གྱི་IDདང་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཀྱང་རྩིས་མེད་དུ་གཏོང་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།