རྒྱལ་གཅེས་ཆོས་གཅེས། རྒྱལ་སྐྱོང་འགྲོ་ཕན། སེམས་ཅན་བདེ་འགོད།
འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་མཉམ་དུ་དགའ་སྤྲོ་འཁོལ་བ་དང་རྟེན་འབྲེལ་ཞུ་བའི་དུས་འདིར་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚད་མཐོའི་མཐོང་ཆེན་འོག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་གནང་བ་ཚང་མ་ཐུགས་གྲ་ལེགས་འགྲིག་བྱུང་ནས་དད་ལྡན་མང་ཚོགས་གྲངས་ལས་འདས་པའི་གོང་བཀུར་དང་ལྷག་བསམ་ཟོལ་མེད་ཀྱི་དད་པ་རྩེ་གཅིག་ཏུ་ཐོབ་ཡོད།
ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་བའི་ཐད་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ཐུགས་སྣང་ཟབ་མོ་བྱུང་བ་མ་ཟད། དད་ལྡན་མང་ཚོགས་ཚོར་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་ལེགས་སྤེལ་ཉེས་འགོག་དང་འགྲོ་ཀུན་འདྲ་མཉམ་སོགས་ཀྱི་ལྟ་དགོངས་ནང་སེམས་ལ་ཟུག་པ་དང་ཕྱིར་ལག་ལེན་ཐོག་འཁྱོལ་བ་བྱས་ཏེ་མི་རིགས་ཁག་དང་ལས་རིགས་ཁག་དང་ཕྱར་བ་གྲུ་འདེགས་ངང་བོད་མི་དམངས་ལ་ཐོབ་པར་དཀའ་བའི་དེང་གི་བདེ་སྐྱིད་འཚོ་བར་མཉམ་དུ་གཅེས་སྤྲས་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་དང་བོད་མི་དམངས་ལ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཆེད་འབད་འཐབ་མདུན་སྐྱོད་བྱེད་དགོས་པའི་བཀའ་སློབ་གནང་ཡོད།
འདི་ལོའི་ཟླ་7ཚེས་15ཉིན་དང་ཚེས་16ཉིན་གཉིས་རིང་། བཀྲས་ལྷུན་དགོན་དུ་ལོ་གཅིག་དུས་གཅིག་གི་གོས་སྐུ་བཤམས་པའི་མཛད་སྒོ་གཉེར་བར་ས་གནས་ཁག་གི་དད་ལྡན་མང་ཚོགས་གྲངས་ལས་འདས་པ་ཞིག་སླེབས་ཡོད། དད་ལྡན་མང་ཚོགས་ཚོ་སྤྲོ་བ་རབ་ཏུ་འཕེལ་བ་ནི་གོས་སྐུ་མཇལ་རྒྱུ་བྱུང་བ་ཙམ་གྱིས་མ་ཚད། ད་དུང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དེའི་རིང་སྨོན་ལམ་གསོལ་འདེབས་དང་ཕྱག་དབང་སོགས་ཀྱང་གནང་ཡོད།
བསམ་གྲུབ་རྩེ་ཆུས་བཀྲ་ཤིས་སྐྱིད་ཚལ་སྡེ་ཁུལ་ནས་ཡོང་བའི་བགྲེས་སོང་ཉི་མ་འདི་ལོ་ལོ་83ལ་ཕེབས་པ་དང་ལོ་ལྟར་ཕ་ཡུལ་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཇལ་རྒྱུ་ཡོད་པ་དེ་ནི་ལོ་མང་རིང་དགའ་མགུ་ཡི་རང་ཆེ་ཤོས་ཀྱི་བྱ་བ་ཞིག་ཏུ་གྱུར་ཡོད། “རིན་པོ་ཆེ་གདན་ས་བཀྲས་ལྷུན་དགོན་དུ་ཆིབས་བསྒྱུར་གནང་ནས་ང་ཚོ་དད་ལྡན་མང་ཚོགས་ཚོར་ཕྱག་དབང་གནང་བའི་སྐལ་བ་བཟང་པོ་བྱུང་བ་ནི་ང་ཚོའི་བསོད་ནམས་ཡིན་ལ། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་པའི་སྔ་ལྟས་བཟང་པོ་ཞིག་ཀྱང་རེད”ཅེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཕྱག་དབང་རག་རྗེས་བགྲེས་སོང་ཉི་མས་ཚོར་སྣང་ཟབ་མོའི་སྒོ་ནས་བརྗོད།
འདི་ལོ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ལོ་ལྔའི་རྗེས་སུ་སླར་ཡང་མངའ་རིས་སུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་པར་ཕེབས་པ་ཞིག་ཡིན་ཞིང་། མངའ་རིས་ས་གནས་ཁག་གི་དད་ལྡན་མང་ཚོགས་ཚོས་རང་ཉིད་ཀྱི་ལྷག་བསམ་བྱ་སྤྱོད་ལ་བརྟེན་ནས་ནང་སེམས་ཀྱི་དད་པ་མཚོན་པར་བྱས་ཡོད། མ་ཕམ་གཡུ་མཚོའི་འགྲམ་གྱི་ཁྲུས་སྒོ་དགོན་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དེ་གར་མཚོ་མོར་ཕྱག་མཆོད་གནང་བར་ཤེས་རྟོགས་བྱུང་སྐབས་ས་གནས་ཀྱི་དད་ལྡན་མང་ཚོགས་ཚོས་རང་འགུལ་ངང་དགོན་པར་ཡོང་ནས་གད་ཕྱིས་རྒྱག་པ་དང་། མཛེས་རྒྱན་སྤྲོས་པ། ཡུལ་དངོས་སུ་སྣེ་ཁྲིད་སོགས་ཀྱི་བྱ་བའི་ནང་ཞུགས་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཐུགས་གྲ་ལེགས་འགྲིག་ཡོང་རྒྱུར་མཉམ་དུ་འགན་ལེན་བྱས་ཡོད།
ཆོས་ཕྱོགས་ཀྱི་མཛད་འཕྲིན་སྣ་ཚོགས་བསྐྱངས་རིང་གནས་མཇལ་བ་ཚོའི་འདོད་བློ་བསྐང་རྒྱུ་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་གནང་བའི་བསྲུང་བྱ་ཞིག་རེད། 2017ལོའི་ཟླ་9པར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆབ་མདོར་འཚམས་འདྲིར་ཐོག་མར་ཕེབས་པ་དང་། དེའི་རིང་བྱམས་པ་གླིང་དགོན་དུ་གནས་གཟིགས་ཕྱག་མཆོད་དང་དེ་བཞིན་ཕྱག་དབང་གནང་ཡོད། བྱམས་པ་གླིང་དགོན་དུ་ཕྱག་དབང་སྔ་དྲོའི་ཆུ་ཚོད་9པ་ནས་དགོང་མོའི་ཆུ་ཚོད་9པའི་བར་གནང་བ་དང་འབྲེལ་མུན་རུབ་ཀྱང་དགོན་པའི་ཕྱི་ནང་ཀུན་དུ་མཇལ་ཁར་ཡོང་མཁན་དད་ལྡན་མང་ཚོགས་སྔར་བཞིན་རྒྱུན་ཆད་རྒྱུ་མེད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བསྟུད་མར་ཆུ་ཚོད་12རིང་དད་ལྡན་མང་ཚོགས་ཚོར་ཕྱག་དབང་གནང་ནས་ཉིན་དགུང་གསོལ་ཚིགས་ལ་སྐར་མ་10ཙམ་ལས་ཞུགས་ཁོམ་བྱུང་མེད། འདི་ལོ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་རིང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དགོན་པའི་ནང་ཕྱག་དབང་གནང་བ་མ་ཟད། ད་དུང་ཁོང་གིས་ཉིན་ལྟར་མཛད་བྲེལ་ཆེ་བའི་སྐུ་ངལ་ལ་མ་འཛེམས་པར་རླངས་འཁོར་ནས་བབས་གནང་སྟེ་ཕེབས་ལམ་དུ་ཕྱག་དབང་ཞུ་རྒྱུ་བསྒུགས་ནས་སྡོད་མཁན་དད་ལྡན་མང་ཚོགས་ཚོར་ཡང་ཕྱག་དབང་གནང་གི་ཡོད།
ནག་ཆུ་གྲོང་ཁྱེར་གྱི་ཞབས་བརྟན་དགོན་པར་ཕྱག་དབང་གནང་རིང་། གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་གྱི་བགྲེས་སོང་སྦྱིན་པས“ད་ཐེངས་ནི་ལོ་གསུམ་གྱི་རྗེས་སླར་ཡང་ཞབས་བརྟེན་དགོན་པར་རང་ཉིད་ལ་རིན་པོ་ཆེའི་ཕྱག་དབང་རག་བྱུང་། རིན་པོ་ཆེ་སྐུ་ན་ཕྲ་ཡང་དད་ལྡན་མང་ཚོགས་ལ་ཐུགས་བརྩེ་བ་ཆེ་བ། འགྲོ་བ་སེམས་ཅན་ལ་ཕན་པའི་ཆོས་ལུགས་ཀྱི་ཡོན་ཚད་དང་ནང་ཆོས་ཀྱི་ཉམས་ལེན་གོང་དུ་འཕེལ་ཡོད་པ་ནི་རིན་པོ་ཆེའི་མཛད་འཕྲིན་གསུང་གླེང་དང་བྱམས་བརྩེའི་ཞལ་རས་ལས་ཚོར་ཐུབ། དད་ལྡན་མང་ཚོགས་ཤིག་གི་ངོས་ནས་དགོན་པར་མཆོད་སྤྲིན་རྒྱ་ཆེ་བ་དང་བླ་མ་སྐྱེས་ཆེན་གྱིས་ནང་ཆོས་དར་སྤེལ་བཏང་གནང་བ་མཐོང་སྐབས་སེམས་ནང་གི་དགའ་སྤྲོ་དེ་སྐད་ཆའི་ལམ་ནས་མཚོན་ཐབས་བྲལ། ང་ཚོས་ནམ་ཡང་གུང་ཁྲན་ཏང་གི་བཀའ་དྲིན་ཚོར་བ་དང་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་ཞུས་ནས་ཏང་གཅེས་རྒྱལ་གཅེས་ཡུལ་གཅེས་ཀྱི་དད་ལྡན་པ་བཟང་པོ་ཞིག་བྱ་རྒྱུ་ཡིན”ཞེས་བརྗོད།
ཟོལ་མེད་གུས་མཇལ་དང་། བསྔགས་བརྗོད་ཟབ་མོ། དྲིན་ཚོར་བསམ་པ་བཅས་བྱུང་ཞིང་། བོད་ཀྱི་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན། སེམས་ཅན་བདེ་ལ་འགོད་པ་བཅས་ཀྱི་ཐུགས་དགོངས་ཀྱི་ཉམས་འགྱུར་ཚོར་ཡོད། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག བོད་འདི་ཉིད་ཞི་མཐུན་བརྟན་ལྷིང་དང་། དར་རྒྱས་གོང་འཕེལ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་གོང་འཕེལ་ཡོང་ཆེད་འབད་འཐབ་ཧུར་ཐག་བྱས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་བཀའ་སློབ་ཟབ་མོ་སེམས་ལ་བཅངས་ནས་ནང་ཆོས་སློབ་སྦྱོང་གི་རྣམ་དཔྱོད་ལ་བརྟེན་ཏེ་མུན་འཐོམས་ངང་ཉན་པ་དང་། མུན་འཐོམས་ངང་ཡིད་ཆེས་པ། མུན་འཐོམས་ངང་བྱ་སྤྱོད་སྤེལ་བ་བཅས་སྔོན་འགོག་བྱས་ནས་བསམ་པ་བཟང་བ་དང་། དཀའ་སྤྱད་སྙིང་རུས། རིག་པ་དྭངས་གསལ་བཅས་ཀྱི་སྒོ་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་མ་གཏོང་ཆེད་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཆགས་གང་ཐུབ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།