དབུ་ཤོག>གསར་འགྱུར།
  • ལག་གདང་སྦྲེལ་ནས་སེམས་མཐུན་ལྗོན་ཤིང་མཉམ་དུ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-16

    མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན།

    གངས་ལྗོངས་ས་མཐོར་བོད་རིགས་དང་། རྒྱ་རིགས། ཧུད་རིགས། མོན་པ་རིགས། ལྷོ་པ་རིགས། འཇང་རིགས་སོགས་མི་རིགས་མང་པོའི་གཅེན་གཅུང་མིང་སྲིང་ཕན་ཚུན་མཛའ་གཅུགས་དང་གཅིག་ལ་གཅིག་བརྟེན་ངང་གནས་པ་དང་། རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་དང་། བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་གངས་ལྗོངས་ས་མཐོ་མཉམ་དུ་སྐྲུན་བཞིན་ཡོད།

    “ཞི་མཐུན་མེ་ཏོག”གི་དྲི་ཞིམ་ཕྱོགས་བཅུར་འཐུལ་བ།

    བོད་ལྗོངས་ས་གཤིས་རྩད་ཞིབ་ཅུས་ས་གཤིས་རུ་ཆེན་གཉིས་པའི་ལས་རོགས་ལག་རྩལ་ཆེ་མོ་བ་ལུང་ཞིང་དབྱང་གིས་མི་རིགས་མཐུན་སྒྲིལ་ནི་ཕྱི་རོལ་དུ་ས་གཤིས་ལས་དོན་སྒྲུབ་སྐབས་ཀྱི་རྩ་བའི་འགན་ལེན་རེད། ང་ཚོས་བོད་རིགས་ལས་བྱེད་པ་དང་ལས་བཟོ་དང་ཞིང་འབྲོག་མང་ཚོགས་དང་ཧ་ཅང་འཆམ་པོ་ཡོང་བ་བྱེད་དགོས། མི་རིགས་ལས་དོན་དོན་འཁྱོལ་གནད་སྨིན་བྱུང་ན་ང་ཚོའི་ལས་དོན་གཞི་ནས་བདེ་བླག་ངང་སྤེལ་ཐུབ་ཅེས་བཤད།

    གྲུབ་ཆ་བྱེ་བྲག་པ་རེ་རེ་དང་། རྣམ་པ་ཆུང་ཙག་རེ་རེ། དོན་དག་ཕྲན་ཚེགས་རེ་རེ་བཅས་ལས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་བཟང་མངོན་བཞིན་ཡོད།

    མི་རིགས་ཁག་གི་མང་ཚོགས་ཀྱིས་ཉེ་འགྲམ་དུ་ཐོན་པའི་འགྱུར་ལྡོག་ཆེན་པོ་ནས“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ”ཡིན་པའི་གནས་ལུགས་གསལ་པོ་རྟོགས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་གཞི་ནས་མི་རིགས་ཁག་དངོས་འབྲེལ་འདྲ་མཉམ་བྱུང་ནས་མི་རིགས་ཁག་ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཐུབ་ལ། གཞི་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་བྱུང་ནས་བོད་ཀྱི་སྤྱི་ཚོགས་ཟམ་མི་ཆད་པར་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་ཐུབ་པ་ངོས་འཛིན་གསལ་པོ་བྱུང་ཡོད།

    རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས་ད་དུང“དྲ་སྦྲེལ་དང་མི་རིགས་མཐུན་སྒྲིལ”ཟུང་འབྲེལ་གྱི་བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དྲ་ཐོག་གི་རིག་གནས་སྤེལ་རེས་དང་མཉམ་སྤྱོད་ཀྱི་ལས་སྟེགས་ནུས་ཤུགས་ཡོད་རྒུས་བཏོད་ཡོད། 2019ལོའི་ཟླ་2ཚེས་14ཉིན་དྲ་ཐོག་ཏུ“བོད་ལྗོངས་མི་རིགས་ལས་དོན་ཨུ་ལྷན”གྱི་སྐད་འཕྲིན་སྤྱི་རྟགས་དངོས་སུ་སྤྱོད་འགོ་ཚུགས་པ་དང་། 2019ལོའི་ཟླ་3པར་དྲ་ཐོག་ཏུ“བོད་ལྗོངས་མི་རིགས་ལས་དོན་ཨུ་ལྷན”གྱི་གཙོ་ཆེའི་དྲ་ཚུགས་སྤྱོད་འགོ་ཚུགས་ཏེ་མི་རིགས་ལས་དོན་དྲིལ་བསྒྲགས་དང་སློབ་གསོའི་ཐབས་ལམ་ཡངས་སུ་བཏང་བ་དང་དྲ་ཐོག་མི་རིགས་ཁག་གི་ཐུན་མོང་གི་ཁྱིམ་གཞིས་ཡག་པོ་བསྐྲུན་ནས་དྲ་སྦྲེལ་དེ་ཉིད་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཀྱི་ལས་སྟེགས་གསར་པ་ཞིག་ཏུ་བཏོད་ཡོད།

    དེང་སྐབས་བོད་ལྗོངས་སུ་མི་རིགས་ཁག་གི་མི་དམངས་ཚང་མས་མི་རིགས་མཐུན་སྒྲིལ་གྱི་ཕོ་ཉ་བྱེད་པར་བརྩོན་པ་དང་ཐམས་ཅད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བྱེད་པར་བརྩོན་ནས་ཕན་ཚུན་ལྟ་སྐྱོང་གི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས། ཐུན་མོང་ཐོག་མེས་རྒྱལ་གྱི་མཐའ་མཚམས་སྲུང་བ་དང་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལྟ་བ་སྔར་བས་བརྟན་དུ་བཏང་བས། ཀྲུང་ཧྭའི་རིག་གནས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་བ་འཆང་ས་དང་། སེམས་ཀྱི་བརྟེན་ས། བསམ་པའི་ཁྱིམ་གཞིས་བཅས་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་རིག་གནས་ཀྲུང་ཧྭའི་རིག་གནས་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་སེམས་ནང་རྩ་བ་བརྟན་པོ་ཚུགས་ཡོད།

    དྲིལ་བསྒྲགས་དང་སློབ་གསོ་གཏོང་སྟངས་ཀྱི་གཞི་རྟེན་གསར་གཏོད་བྱས་པ།

    སྤྱི་ཚོགས་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་སྲུང་སྐྱོང་བྱེད་པའི་རྣམ་པ་ཟབ་མོ་སྔར་བས་གཏོད་ཆེད། ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱིས་གྲོང་ཁྱེར་སྤྱི་པའི་འགྲིམ་འགྲུལ་བརྡ་ཁྱབ་ཀུང་སི་དང་མཐུན་སྦྱོར་བྱས་ཏེ། ཟླ་8ཚེས་26ཉིན་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཟླ་བའི་འབོད་ཚིག་དང་སྦྱར་ཡིག་སྦྱོར་བའི་ལས་དོན་སྤེལ་བ་དང་། དྲིལ་བསྒྲགས་འབོད་ཚིག་དང་དྲིལ་བསྒྲགས་སྦྱར་ཡིག་གི་ནང་དོན་གཏིང་ཟབ་ལ་ཧ་ཅང་གོ་བདེ་པོ་ཞིག་ཡོད།

    ནག་ཆུ་གྲོང་ཁྱེར་གྱི་རྫོང(ཆུས)11གིས་སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད། ཉི་མ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་སློབ་གྲྭའི་ནང་སྤེལ་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ཡོད།

    རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས་དྲིལ་བསྒྲགས་དང་སློབ་གསོ་གཏོང་སྟངས་ཀྱི་གཞི་རྟེན་ཟམ་མི་ཆད་པར་གསར་གཏོད་བྱས་པ་དང་། ལག་རྩལ་གསར་པ་དང་སྨྱན་སྦྱོར་གསར་པ་གང་ལེགས་སྤྱད་ནས་དངོས་གཞི་ཅན་གྱི་དྲིལ་བསྒྲགས་གཞི་རྟེན་བཏོད་དེ་མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོ་ཁག་ཏན་ཏིག་སྤེལ་ཡོད། ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བཅས་དང་འབྲེལ་མཐུད་མཐུན་སྦྱོར་ཧུར་ཐག་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་ཆེད་སྒྲིག་པར་ངོས་དང་ལེ་ཚན་བཟོས་ཏེ་ཉེ་བའི་ལོ་ཤས་རིང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལག་ལེན་ཁྲོད་ཀྱི་དཔེ་མཚོན་ལས་དོན་དང་། དཔེ་མཚོན་ཉམས་མྱོང་། དཔེ་མཚོན་མི་སྣ་བཅས་གཅིག་སྡུད་དྲིལ་བསྒྲགས་དང་གཏོང་སྤེལ་བྱས་ཡོད།

    མིག་དཔེའི་སྟོབས་ཤུགས་ཧུར་ཐག་བཏོན་པ།

    ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་ཚོར་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་ཁག་གི་མང་ཚོགས་འཚོ་གནས་བྱེད་པ་དང་། དུས་རྒྱུན་འཚོ་བའི་ནང་ཁོང་ཚོས་ཕན་ཚུན་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་དང་མི་རིགས་མཐུན་སྒྲིལ་རྒྱུན་གཏན་གྱི་འཚོ་བའི་ནང་དོན་འཁྱོལ་བྱེད་ཀྱི་ཡོད།

    བོད་དུ་བདེ་ཆེན་གྲོང་ཚོ་དང་འདྲ་བར་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་མཁན་གང་སར་མཐོང་རྒྱུ་ཡོད། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་ཡོད་པ་དང་། ལོ་གཅིག་དུས་གཅིག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་མིག་དཔེ་རྣམས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དར་སྲོལ་ཞིག་ཏུ་གྱུར་ཡོད།

    ལྟེ་བའི་གྲོང་ཁྱེར་ལྷ་ས་ནས་ཇོ་མོ་གླང་མའི་འདབས་དང་ཡར་ཀླུང་གཙང་འགྲམ་བར་དང་། བྱང་རྩྭ་ཐང་ནས་གཡུ་གཞོང་ཉིང་ཁྲིའི་བར། བོད་ཤར་ཆབ་མདོ་ནས་སྟོད་མངའ་རིས་བར་གྱི་ས་མཐོའི་ཕྱོགས་གང་ས་ནས་མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་གླུ་དབྱངས་ལེན་བཞིན་ཡོད།

    གསར་འགོད་པར་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། རང་ལྗོངས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་116དང་དཔེ་བཟང་མི་སྒེར་159ཡོད། རང་སྐྱོང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་1649དང་དཔེ་བཟང་མི་སྒེར་2459ལ་གཟེངས་བསྟོད་བྱས་ཡོད། སྔ་རྗེས་སུ་ཁག་6གི་རྒྱལ་ཡོངས་ཀྱི་ཚན་པ་30རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོའི་དཔེ་སྟོན་ཚན་པར་གཏན་འཁེལ་བྱས་པ་དང་། སྔ་རྗེས་སུ་ཁག་5ཡི་སློབ་གསོའི་རྟེན་གཞི་6རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞིར་གཏན་འཁེལ་བྱས་ཡོད། 2016ལོའི་ཟླ་12པར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ལྷ་ས་གྲོང་ཁྱེར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོའི་དཔེ་སྟོན་གྲོང་ཁྱེར་ལ་གཏན་འཁེལ་བྱས་པ་དང་། ཚན་པ་10རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོའི་དཔེ་སྟོན་ཚན་པར་གཏན་འཁེལ་བྱས་ཡོད།

    མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ཀྱི་ས་གཞི་ཆེ་མོའི་གང་སར་བཞད་ནས་མི་རིགས་ཁག་གི་སྤུན་ཟླ་རྣམས་འཆམ་མཐུན་དང་། ཕན་ཚུན་ལྟ་སྐྱོང་། ཞི་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་དེ་བས་ཟབ་པ་དང་མི་རིགས་ཡར་ཐོན་གྱི་གླུ་དབྱངས་དེ་བས་སྐད་གསང་མཐོན་པོས་ལེན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།